2025ལོའི་ཟླ་4ཚེས་24ཉིན་ནས་ཟླ་12ཚེས་25ཉིན་བར་སློབ་གསོའི་ཁྱབ་ཁོངས་ལ་བཅོས་སྒྲིག་བྱེད་རྒྱུ་རེད་འདུག
སློབ་གསོའི་ཁྱབ་ཁོངས་ལ་བཅོས་སྒྲིག་གཏིང་ཟབ་བྱས་ནས་སྤུས་ལེགས་ཀྱི་སློབ་གསོའི་ཁོར་ཡུག་ཅིག་གཏོད་ཆེད། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་2025ལོའི་ཟླ་4ཚེས་24ཉིན་ནས་བཟུང་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་ཏེ། སློབ་གསོའི་ལས་རིགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་དགེ་སློབ་ཀྱི་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱེད་རྒྱུ་ཡིན་པ་རེད།
བཅོས་སྒྲིག་གི་བྱ་སྤྱོད་གཙོ་བོ་གཤམ་གྱི་གནད་དོན་ཁག་ལྔ་ལ་དམིགས་ནས་སྤེལ་རྒྱུ།
●དགེ་རྒན་གྱི་ཀུན་སྤྱོད་ཉམས་པར་ཞིབ་བཤེར་ནན་པོ་བྱེད་རྒྱུ། དགེ་རྒན་གྱི་གཏམ་སྤྱོད་ཚུལ་དང་མི་མཐུན་པ་དང་སྒྲིག་འགལ་ངང་གསབ་ཁྲིད་བྱེད་པར་བཅོས་སྒྲིག་བྱེད་རྒྱུ།
●སློབ་གསོའི་དངུལ་གང་བྱུང་དུ་བསྡུ་བར་བཅོས་སྒྲིག་བྱེད་རྒྱུ། ལྐོག་ལ་དངུལ་བསྡུ་བ་དང་བཙན་ཤེད་ཀྱིས་དངུལ་བསྡུ་བ་སོགས་ཀྱི་གནས་ཚུལ་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ།
●སློབ་གྲྭ་འཛུགས་གཉེར་ཚད་ལྡན་དུ་གཏོང་རྒྱུ། སློབ་གྲྭའི་དོ་དམ་ཐད་སྐྱོན་ཆ་ཡོད་མེད་བརྟགས་ནས་སློབ་གཉེར་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ།
●སློབ་མའི་ལྟོ་ཆས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སློབ་མའི་བཟའ་བཏུང་གི་བདེ་འཇགས་དང་བདེ་ཐང་ལ་འགན་ལེན་བྱེད་རྒྱུ།
●སློབ་ཕྱིའི་གསབ་སྦྱོང་གི་སྒྲིག་གཞིར་དོ་དམ་ནན་པོ་བྱེད་རྒྱུ། ལག་འཁྱེར་མེད་པར་སློབ་གྲྭ་གཉེར་བ་དང་དྲིལ་བསྒྲགས་རྫུན་མ་བྱེད་པ་སོགས་ཀྱི་སྒྲིག་འགལ་གྱི་རིགས་ལ་རྡུང་རྡེག་གཏོང་རྒྱུ།
དུས་ཚོད་དང་ཁྱབ་ཁོངས།
●བཅོས་སྒྲིག་དུས་ཚོད། 2025ལོའི་ཟླ་4ཚེས་24ཉིན་ནས་ཟླ་12ཚེས་25ཉིན་བར།
●བཅོས་སྒྲིག་བྱ་ཡུལ། ལྷ་ས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ(སློབ་ཕྱིའི་གསབ་སྦྱོང་སྒྲིག་གཞི་ཚུད་པ)དང་ཆེད་བསྐོས་དགེ་རྒན་ཡིན།
དམངས་ཡོངས་ཀྱིས་ལྟ་སྐུལ་བྱས་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་མཉམ་དུ་གཉེར་དགོས།
གལ་ཏེ་སྒྲིག་འགལ་གྱི་ཁུངས་སྣེ་རྙེད་ཚེ་འཕྲལ་མར་གཤམ་འོག་གི་ཐབས་ལམ་བརྒྱུད་དེ་ཐེར་འདོན་བྱེད་དགོས།
●ཐེར་འདོན་ཁ་པར་ཨང་གྲངས། 0891-6329496(ལས་ཀའི་དུས་ཚོད། 9:30ནས་13:00བར་དང་། 15:30ནས་18:30བར)
●ཐེར་འདོན་སྦྲག་སྒམ། lsjydds66@126.com
●ཐེར་འདོན་ཡི་གེ་བསྐུར་ཡུལ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་རྒྱུད་ལམ་སྒོ་རྟགས་ཨང་20པ།
གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ནན་གྱིས་ཁས་ལེན་ཞུ་རྒྱུར།
ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་ནན་པོ་སྲུང་རྒྱུ་དང་། ཁུངས་སྣེ་དེད་ནས་རྩད་མཐའ་གཅིག་ཏུ་གཅོད་རྒྱུ། སྒྲིག་འགལ་བར་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ།