དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་སློབ་མའི་བོད་ཡིག་གི་རྨང་གཞི་ལེགས་སུ་གཏོང་ཐབས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-18

    བོད་སྐད་ཡིག་གི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་དགོས་ན་ཐོག་མར་དགེ་རྒན་གྱི་སློབ་ཚན་ཁྲིད་སྟངས་ལ་འགྱུར་ལྡོག་གཏོང་དགོས། དེས་ན་འདིར་གུས་པས་སློབ་ཆུང་སློབ་མའི་བོད་ཡིག་གི་རྨང་གཞི་ལེགས་སུ་གཏོང་ཐབས་སྐོར་རགས་ཙམ་གླེང་བར་བྱའོ།

    དང་པོ། དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་ལ་འགྱུར་ལྡོག་བཏང་ནས་བོད་ཡིག་སྦྱོང་བའི་སྤྲོ་སྣང་འཕེལ་བར་བྱེད་དགོས།

    1. སློབ་ཁྲིད་ཀྱི་ཚད་གཞིའམ་རྩ་འཛིན་གྱི་བླང་བྱ་གཞིར་བཟུང་སློབ་མའི་བོད་ཡིག་རྨང་གཞི་ལེགས་སུ་གཏོང་དགོས།

    དེ་ཡང་དགེ་རྒན་ལ་ལས་བསླབ་གཞི་ཁོ་ནར་དམིགས་ནས་སློབ་ཁྲིད་ཀྱི་དུས་འདའ་བར་བྱེད་པ་ལས། སྐད་ཡིག་བསླབ་ཚན་གྱི་ཚད་གཞིར་རྒྱུས་ལོན་མེད་པ་དང་། བླང་བྱ་གང་ཞིག་ལ་གཞི་འཛིན་དགོས་པ་དང་དམིགས་ཚད་གང་ཞིག་བསྒྲུབ་དགོས་པའི་ཁ་ཕྱོགས་དེ་ཙམ་ཡག་པོ་མ་ཤེས་པའི་གནད་འགག་དེ་བསྒྲོལ་ཐུབ་པར་བྱེད་དགོས། སློབ་ཆུང་བོད་སྐད་ཡིག་བསླབ་ཚན་གྱིས་སློབ་མའི་སྐད་ཡིག་གི་ཡོན་ཚད་སྔར་བས་ཇེ་མཐོར་བཏང་སྟེ། སློབ་མར་སྐད་ཡིག་ཉེར་སྤྱོད་ཀྱི་ནུས་པ་ཅུང་ཟད་མཐོ་རུ་གཏོང་བར་ཐོག་མར་དགེ་རྒན་རང་ངོས་ནས་སྐད་ཡིག་བསླབ་ཚན་གྱི་ཚད་གཞིར་སློབ་སྦྱོང་གང་མང་བྱེད་དགོས་ལ་ཁྱོན་ཡོངས་ནས་རྒྱུས་ལོན་པ་བྱེད་དགོས། དེ་རྗེས་གཙོ་ཕལ་དབྱེ་འབྱེད་གསལ་པོ་ཡོད་པའི་སྒོ་ནས་སློབ་ཁྲིད་ལ་སྤྲོ་བས་འཇུག་པར་བྱས་ཏེ་སློབ་མའི་བོད་སྐད་ཡིག་གི་རྨང་གཞི་ལེགས་སུ་གཏོང་ཐབས་བྱེད་དགོས། དེའང་སློབ་མའི་སྦྱོང་འདོད་ཀྱི་བློ་སྒོ་འཕེལ་བའི་ཐབས་ལམ་གང་མང་སྤེལ་དགོས་པ་ལས་ཀློག་འདོན་བྱེད་སྐབས་གཅོད་མཚམས་ལ་རྟགས་བཀོད་པ་ཙམ་གྱི་ཁྲིད་ཐབས་ཁོ་ནར་བརྟེན་ན། སློབ་མས་ཀྱང་དགེ་རྒན་གྱི་གཅོད་མཚམས་རྟགས་འགོད་རྒྱུར་རེ་སྒུག་བྱེད་པ་ལས་རང་འགུལ་ཀློག་འདོན་བྱེད་པའི་གོམས་གཤིས་འཇག་ཐབས་བྲལ་བས། དུས་ཐུང་ནང་ཀློག་འདོན་ཐུབ་ཐབས་ཀྱི་ཁྲལ་ངན་སླ་བཅོས་བྱེད་མི་རུང་བ་ཞིག་རེད། དེར་བརྟེན་དགེ་རྒན་རང་ངོས་ཀྱི་སློབ་ཁྲིད་གོམས་གཤིས་ཇེ་བཟང་དུ་བཏང་སྟེ་སློབ་མའི་རྨང་གཞི་འཛུགས་པའི་རྨང་རྡོ་བརྟན་པོ་ཞིག་འདིང་དགོས།

    2. སློབ་ཆུང་སློབ་མར་མིང་དང་ཚིག་མང་པོ་གསོག་འཇོག་བྱེད་དུ་བཅུག་པ་དང་འབྲེལ་དེ་དག་བེད་སྤྱོད་གཏོང་སྟངས་བསླབ་དགོས།

    དེའང་དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་ལ་འགྱུར་ལྡོག་བཏང་ནས། སློབ་མའི་ཤེས་ཚད་ལ་ཡང་ནས་བསྐྱར་དུ་བརྟག་པར་བྱས་ཏེ། མིང་དང་ཚིག་དེ་དག་བེད་སྤྱོད་གང་འདྲ་གཏོང་གི་ཡོད་མེད་ལ་སྐད་ཆ་འདྲི་བ་དང་ངག་ཐོག་ནས་རྗོད་པ་བཟོ་བ་དང་ཕན་ཚུན་གོ་བརྡ་སྤྲོད་ཐབས་ལ་སོགས་་སྤེལ་རེས་གང་མང་བྱེད་དུ་བཅུག་དགོས། ཇི་སྐད་དུ་ཤེས་བྱ་གང་ཞིག་བེད་སྤྱོད་གཏོང་ཤེས་ན་རང་བཞིན་གྱིས་ཁོང་དུ་ཆུད་ཐུབ་ཅེས་པའི་སྐད་ཆ་དེར་གནས་ལུགས་གལ་ཆེན་ཞིག་ལྡན་ཡོད་པ་བརྗོད་མི་དགོས་པ་ཞིག་རེད། དེས་ན། སྐད་ཡིག་སློབ་ཁྲིད་བྱེད་མཁན་དགེ་རྒན་ཚོས་མྱུར་ཚད་གཙོ་བོར་མ་འཛིན་པར་ཤེས་ཚད་དང་བེད་སྤྱོད་གཏོང་ཐབས་གཙོ་གནད་དུ་བཟུང་ནས་སློབ་ཁང་ནང་སློབ་མར་སྦྱོང་བརྡར་གང་མང་སྤྲོད་དགོས། དེ་ལྟར་རྒྱུན་མཐུད་ནས་སྦྱོང་བརྡར་དང་ལག་ལེན་དུ་འཁྱོལ་བ་ནས་སྐད་ཡིག་བེད་སྤྱོད་གཏོང་མཁན་གྱི་གོམས་འདྲིས་འཇགས་པར་དོ་སྣང་གང་ལེགས་བྱེད་དགོས། དགེ་རྒན་གྱིས་བསླབ་གཞི་རྙིང་པ་ཡིན་ཀྱང་སློབ་ཐབས་གསར་པར་འཚོལ་སྙེག་ཐུབ་པ་བྱུང་ཚེ། སློབ་མའི་བོད་ཡིག་གི་རྨང་གཞི་རིམ་བཞིན་ལེགས་སུ་གཏོང་ཐུབ།

    3. སློབ་མའི་རྨང་གཞིར་གཞིགས་ནས་དཔེ་ཀློག་ནུས་པ་གང་ལེགས་གསོ་སྐྱོང་བྱེད་དགོས།

    སློབ་མའི་ལྟ་ཀློག་གི་ནུས་པ་དབྱེ་ཞིབ་དང་བསྡུར་བ་བྱས་པ་བརྒྱུད་སློབ་མ་མང་ཆེ་བས་ལྟ་ཀློག་གི་གཅོད་མཚམས་ལ་རྟགས་བཀོད་པ་མ་ཟད། རྟགས་བཀོད་མེད་པའི་སློབ་ཚན་ནང་དོན་གྱི་ཀློག་བརྡར་ལ་ཡང་དཀའ་ངལ་མང་པོ་འཕྲད་ཀྱི་འདུག་པས་དེ་ལས་ང་ཚོར་སློབ་ཆུང་སྐབས་ཀློག་བརྡར་གྱི་ནུས་པ་གསོ་སྐྱོང་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་གསལ་པོ་རྟོགས་ཐུབ། གོམས་གཤིས་ངན་པ་དེ་དག་སྒྱུར་བཅོས་གཏོང་དགོས་པ་ཞིག་ཡིན་པས་དགེ་རྒན་རང་ངོས་ནས་ཀློག་བརྡར་བྱེད་ཐབས་གསར་པ་འཚོལ་ཞིབ་དང་སྟབས་བདེ་ཞིང་དགའ་སྣང་སྐྱེས་ཐུབ་པའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས། ཀློག་བརྡར་འགྲན་སྡུར་གྱི་བྱེད་སྒོ་གང་མང་སྤེལ་ནས་དཔེ་ཀློག་གི་སྤྲོ་བ་སྔར་ལས་ལྷག་པ་འཕེལ་བར་བྱས་ཐོག་སློབ་ཆུང་སློབ་མའི་དཔེ་ཀློག་གི་མྱུར་ཚད་དང་། བསམ་གཞིག་གི་ནུས་པ། སྐད་ཆ་ཤོད་པའི་སྤོབས་པ། སྐད་བརྡ་གསལ་པོར་སྤྲོད་པའི་ནུས་པ་སོགས་ལ་སྦྱོང་བརྡར་གང་མང་སྤྲོད་དགོས།

    དེའང་སློབ་ཆུང་སློབ་མའི་དཔེ་ཀློག་གི་ནུས་པ་ཆེ་རུ་གཏོང་བར་ཐོག་མར་སྐད་ཆ་ཤོད་པའི་ནུས་རྩལ་གསོ་སྐྱོང་དང་སྦྱོང་བརྡར་གནད་ལ་འཕིགས་པ་ཞིག་བྱེད་དགོས། སྐད་ཆ་ནི་བསམ་བློ་བརྗེ་རེས་ཀྱི་ཡོ་བྱད་ཅིག་དང་རང་གི་འཇོན་ནུས་སྔོག་འདོན་གྱི་ལག་ཆ་ཞིག་ཡིན་པས། སྐད་ཆ་ཤོད་པའི་ནུས་པ་ཆེ་རུ་འགྲོ་བ་དང་བསྟུན་ནས་བྱིས་པ་འཚར་ལོངས་ཡོང་གི་ཡོད་པས། སློབ་ཆུང་བོད་ཡིག་དགེ་རྒན་ཚོས་སློབ་མའི་སྐད་ཆ་ཤོད་པའི་ནུས་རྩལ་ལ་སྦྱོང་བརྡར་གང་མང་སྤྲོད་དགོས་ལ་རྒྱུན་མཐུད་ཐུབ་པ་བྱུང་ཚེ་སློབ་མའི་དཔེ་ཀློག་འཇོན་ནུས་རང་བཞིན་གྱིས་ཇེ་ལེགས་སུ་གཏོང་ཐུབ།

    གཉིས་པ། སློབ་མའི་བོད་སྐད་ཡིག་སྦྱོང་འདོད་ཀྱི་དགའ་སྣང་སྐྱེད་སྲིང་བྱེད་དགོས།

    1. སློབ་མའི་བོད་སྐད་ཡིག་གི་རིག་ཚན་ལ་དགའ་སྣང་དང་སྦྱོང་འདོད་ཀྱི་བློ་སྒོ་འབྱེད་ཐུབ་པ་བྱེད་དགོས།

    བོད་སྐད་ཡིག་སློབ་ཁྲིད་ཀྱི་ཁྲོད་དུ་རང་ཚུགས་ཐུབ་པའི་སློབ་སྦྱོང་བྱེད་སའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། ཐོག་མར་དགེ་རྒན་གྱིས་སློབ་མའི་དགའ་སྣང་གསོ་སྐྱོང་ལེགས་པར་བྱས་ནས་ཁོ་ཚོར་བོད་ཡིག་སྦྱོང་འདོད་ཀྱི་བློ་སྒོ་འཕེལ་ཐུབ་པའི་ཐབས་ལམ་གང་ལེགས་སྤེལ་དགོས། སྦྱོང་མཁན་སློབ་མའི་དགའ་སྣང་སྐྱེད་སྲིང་དང་རྨང་གཞི་འཛུགས་རྒྱུ་དེ་ང་ཚོ་དགེ་རྒན་གྱི་འགན་འཁྲི་ཞིག་ཏུ་གྱུར་པས། ང་ཚོས་སྐད་ཡིག་བེད་སྤྱོད་ཀྱི་རིན་ཐང་གསལ་པོ་མཁྱེན་པར་བྱས་ནས། ལག་ལེན་དུ་འཁྱོལ་དགོས་པའི་དམིགས་ཡུལ་ཅུང་ཟད་མངོན་ཐུབ་པར་བྱེད་དགོས།

    2. སློབ་མས་བོད་ཡིག་གི་རྒྱུན་སྤྱོད་ཐ་སྙད་ལ་རྒྱུས་ལོན་དང་བེད་སྤྱོད་རིན་ཐང་རྟོགས་ཐུབ་པ་བྱེད་དགོས།

    སློབ་ཆུང་སློབ་མའི་ངོས་ནས་གླེང་ཚེ། མིང་དང་ཚིག་གསོག་འཇོག་བྱེད་མི་ཐུབ་པ་ནི་བེད་སྤྱོད་ཀྱི་རིན་ཐང་དང་ལག་ལེན་དུ་འཁྱོལ་བར་རག་ལུས་སྟབས། སློབ་ཆུང་གི་ལོ་རིམ་ལྔ་པ་དྲུག་པར་སླེབས་པའི་སློབ་མ་ཚོས་ཀྱང་སློབ་ཚན་གྱི་ཀློག་བརྡར་ལ་དཀའ་ངལ་མི་ཉུང་བ་འཕྲད་ཀྱི་འདུག་པས། ང་ཚོས་ཁོ་ཚོའི་དཀའ་ངལ་སེལ་བའི་ཐབས་ལམ་བགྲོ་གླེང་བྱས་ཏེ། སློབ་མ་རང་ངོས་ཀྱི་སྐྱོན་ལ་ངོས་འཛིན་དང་དགེ་རྒན་གྱི་ཁྲིད་ཐབས་ལ་འགྱུར་ལྡོག་གཏོང་དགོས་པ་ནི་དུས་རབས་དང་སྤྱི་ཚོགས་ཀྱི་རེ་བ་ཡིན།

    དེའང་སྐད་ཡིག་བསླབ་ཚན་གྱི་ཚད་གཞིའི་ནང་དུ་སློབ་ཆུང་སྐད་ཡིག་སློབ་ཚན་འཚོགས་སྐབས་ཐུན་མོང་མ་ཡིན་པའི་དགེ་མཚན་ལེགས་པར་བཏོན་ནས། མི་རིགས་ཀྱི་སྙིང་སྟོབས་གསོ་སྐྱོང་དང་དར་སྤེལ་བཏང་སྟེ། སློབ་མར་ཕུལ་བྱུང་རིག་གནས་ཀྱི་བག་ཆགས་འཇོག་པ་དང་། མེས་རྒྱལ་དང་བོད་ཀྱི་རིག་གནས་ལ་དགའ་ཞེན། མི་རིགས་ཡར་ཐོན་བྱ་གཞག་ལ་རང་ནུས་འབུལ་བའི་བསམ་བློ་གསོ་སྐྱོང་བྱེད་པ་དང་། ཡ་རབས་ལྷད་མེད་ཀྱི་བསམ་པ་དང་ཡར་ཐོན་ཧུར་ལེན་གྱི་མི་ཚེའི་ལྟ་བ་ཆགས་སུ་འཇུག་དགོས་ཞེས་གསུངས་པ་ལྟར་ང་ཚོས་ངེས་པར་དུ་སྐད་ཡིག་གི་ཉེར་སྤྱོད་ཀྱི་ནུས་པ་གསོ་སྐྱོང་གང་ལེགས་བྱེད་དགོས། དེས་ན་སླད་ཕྱིན་དགེ་རྒན་གྱིས་བོད་སྐད་ཡིག་གི་རྒྱུན་སྤྱོད་མིང་དང་ཚིག་སོགས་བེད་སྤྱོད་བྱེད་སྟངས་དང་དེའི་དགེ་མཚན་གང་དག་ལྡན་པ་རེ་རེ་བཞིན་ཞིབ་ཚགས་ངང་སློབ་མ་ཚོར་གསལ་པོར་བསླབ་དགོས།

    མདོར་ན། དཔྱད་རྩོམ་འདིར་སློབ་ཆུང་སློབ་མའི་བོད་ཡིག་གི་རྨང་གཞི་ལེགས་སུ་གཏོང་ཐབས་སྐོར་རགས་ཙམ་གླེང་བ་ལས་ཕྱིས་འབྱུང་དགེ་རྒན་རང་ངོས་ཀྱི་ཁྲིད་ཐབས་ལ་འགྱུར་ལྡོག་གཏོང་བའི་བློ་སྒོ་འབྱེད་པར་ཕན་པ་ཏོག་ཙམ་ཐོན་སྲིད་སྙམ།

    (བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་སློབ་གསོ་ཅུས་ཀྱི་པ་སངས་ནོར་བུ)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།