ཁོར་ཡུག་གཙང་སྦྲ་བ་ཡག་ཤོས་ཨ་མིང་སྒྲོལ་དཀར།
འདི་ནི་ཨ་མིང་སྒྲོལ་དཀར་གྱིས་སྲང་ལམ་དུ་གད་རྒྱག་བཞིན་པ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མཐུན་སྒྲིལ་གྲོང་གསར་གྱི་སྲང་ལམ་དུ། ཉིན་ལྟར་ཞོགས་པ་ནམ་མ་ལངས་གོང་ལག་ཏུ་ཕྱགས་མ་ཁྱེར་ནས་ལམ་གཙང་མ་འཕྱག་རྒྱུ་ནི་ཁོང་གི་ཉིན་གཅིག་གི་ལས་ཀ་རེད།
ཁོང་གི་མིང་ལ་ཨ་མིང་སྒྲོལ་དཀར་ཟེར་བ་དང་ཁོར་ཡུག་གཙང་སྦྲ་བ་ཞིག་རེད་ལ། བོད་ལྗོངས་པོ་རུའེ་ཁོར་ཡུག་འཕྲོད་བསྟེན་ཞབས་ཞུ་ཚད་ཡོད་ཀུང་སིའི་ཡན་ལག་རུ་ཁག་304ཡི་ཙུའུ་ཀྲང་ཡང་རེད།
ད་ལོ་ལོ་48ལ་སླེབས་པའི་ཨ་མིང་སྒྲོལ་དཀར་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ནས་ཡིན་ཞིང་། 2003ལོར་ཁོང་ལྷ་སར་ཡོང་སྐབས་ལག་རྩལ་གང་ཡང་མི་ཤེས་པའི་ཁར་ཚོང་རྒྱག་པའི་མ་རྩ་ཡང་མེད་པས་ཁོར་ཡུག་འཕྲོད་བསྟེན་གྱི་ལས་ཀ་དེ་གདམ་ག་བྱས། ལོ་22རིང་ལས་ཀ་ཧུར་ཐག་བྱས་པ་བརྒྱུད། ཁོང་ཁོར་ཡུག་འཕྲོད་བསྟེན་བཟོ་པ་དཀྱུས་མ་ཞིག་ནས་ད་ཆ་ཚོགས་པའི་འགན་འཁུར་བར་འཚར་ལོངས་བྱུང་བ་མ་ཟད། “བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ”དང“བོད་རང་སྐྱོང་ལྗོངས་ཀྱི་2014ལོའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་མཁན་གྱི‘མི་སྣ་ཡག་ཤོས’སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་རག་མྱོང་ཡོད།
ཁོར་ཡུག་འཕྲོད་བསྟེན་ལས་དོན་ནི་གྲོང་ཁྱེར་ཧྲིལ་པོའི་ལྷུ་ཚིགས་གལ་ཆེན་ཞིག་རེད་ལ། སྤྱི་ཚོགས་ཤེས་དཔལ་གྱི་མཚོན་རྟགས་ཤིག་ཀྱང་རེད། ཨ་མིང་སྒྲོལ་དཀར་ཉིན་ལྟར་ཐོ་རེངས་ཆུ་ཚོད་ལྔ་པར་ལངས་ནས་ཆུ་ཚོད་དྲུག་པར་གད་རྒྱག་པར་འགྲོ་བ་དང་ལམ་འཕྱག་པར་ཆུ་ཚོད་གཅིག་ལྷག་ཙམ་འགོར་གྱི་ཡོད། ནམ་ལངས་རྗེས། ཁོང་གིས་ཁོངས་གཏོགས་ཁུལ་དུ་སྐོར་གཡེང་བྱས་ནས་ལམ་ངོས་ཀྱི་གད་སྙིགས་ཐ་ཐོར་ཡང་བསྐྱར་འཕྱགས་ནས་དགོང་མོའི་ཆུ་ཚོད་8དང་སྐར་མ་30བར་སྡོད་པ་དང་གད་སྙིགས་རླངས་འཁོར་6ནས་7བར་དབོར་ཚར་རྗེས་གཞི་ནས་ལས་ཐག་གཅོད་ཀྱི་ཡོད།
“ངལ་དུབ་ཆེ་ཡང་གྲོང་ཁྱེར་གཙང་མ་བཟོ་རྒྱུ་ནི་ང་ཚོའི་ལས་འགན་རེད”ཅེས་བརྗོད་ཅིང་། ཁོང་གི་ངོས་ནས་བརྗོད་ན་ལམ་གཙང་མ་ཆགས་པ་དང་མང་ཚོགས་ཀྱི་གདེང་འཇོག་ཐོབ་ན་དེ་ལས་ལྷག་པ་མེད།
ཁོང་གིས་གསར་འགོད་པར། འབྲེལ་ཡོད་སྡེ་ཚན་དང་སྤྱི་ཕན་རྩ་འཛུགས་ཀྱིས་རྒྱུན་དུ་ང་ཚོར་ཕྱགས་མ་དང་། ལག་ཤུབས། ཕུ་ཤུབས། ཁ་རས། ཞྭ་མོ་སོགས་སྤྲོད་པ་དང་སྡེ་ཁུལ་གྱིས་ཀྱང་ལྟོ་རིན་ཕྱེད་ཀ་ལས་མི་ལེན་པ་དང་ངལ་གསོ་རྒྱག་སའི་ཁང་པ་སྤྲོད་པ་སོགས་བྱེད་ཀྱི་ཡོད་པས་སེམས་པ་སྐྱིད་པོ་འདུག་ཅེས་བརྗོད་བྱུང་།
ཁོང་གི་གཏམ་རྒྱུད་ནི་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན་ཁོར་ཡུག་གཙང་སྦྲ་བ་མང་པོའི་མཚོན་བྱེད་ཙམ་ཞིག་རེད། ཁོང་ཚོས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་གྲོང་ཁྱེར་གཙང་སྦྲ་དང་མཛེས་སྡུག་ལྡན་པར་བྱེད་ལ། ཁོང་དང་འདྲ་བའི་ཁོར་ཡུག་གཙང་སྦྲ་བ་ཚོས་མི་གཞན་ལ་རང་ཉིད་ཀྱི་སྤྱིར་བཏང་ལས་གནས་ཐོག་བྱས་རྗེས་དེ་ལས་ལྷག་པ་འཇོག་པར་ཡང་སྐུལ་ལྕག་བྱེད་བཞིན་ཡོད།