དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • སྨན་བཅོས་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་ནས་རྫོང་ཁོངས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ།

    རྫ་ཡུལ་རྫོང་གིས“2233”ལས་ཀའི་བྱ་ཐབས་ལ་བརྟེན་ནས་རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-16

    སྨན་རྫས་དང་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་ན། ནད་གཞི་ལྟ་བའི་ཐད་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཐུབ་པར་ཕན་ཐོགས་ཡོད་ལ། འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་དོ་སྙོམས་པོ་མེད་པ་དང་གང་ལེགས་མ་བྱུང་བའི་དབར་གྱི་འགལ་བ་གཙོ་བོ་ཐག་གཅོད་ཐུབ་སྟེ། མི་དམངས་ཀྱི་བདེ་ཐང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བར་ཕན་ཐོགས་ཀྱང་ཡོད། རྒྱལ་ཡོངས་ཀྱི་རྫོང་ཁོངས་འབྲེལ་བ་ཟབ་པའི་སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུགས་སྐྱོང་གི་ཚོད་ལྟ་བྱ་ཡུལ་ཞིག་ཡིན་པའི་ངོས་ནས། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གིས“མཐའ་མཚམས་ས་ཐག་རིང་བ་དང་། ཞབས་ཞུའི་ཁྱབ་རྒྱ་ཆེ་བ། འགྲིམ་འགྲུལ་ཚོད་འཛིན་གྱི་རྐྱེན་མང་བ། སྨན་བཅོས་སྟོབས་ཤུགས་ཞན་པ”བཅས་ཀྱི་དོན་དངོས་ལ་གཞིགས་ནས“ལེགས་ཆ་ཆེན་པོ་གཉིས་འདོན་སྤེལ་དང་། ཐབས་ལམ་གཉིས་ལེགས་སུ་གཏོང་བ། རིམ་གསུམ་མ་ལག་འཛུགས་པ། ལམ་སྲོལ་གསུམ་འཐུས་སྒོ་ཚང་དུ་གཏོང་བ”བཅས“2233”གྱི་ལས་ཀའི་བྱ་ཐབས་རིམ་བཞིན་འཚོལ་ཞིབ་བྱས་ཏེ། རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ལས་དོན་གྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་བ་རེད།

    “དམག་དམངས་མཉམ་འདྲེས་དང་སྨན་བཅོས་བོད་སྐྱོར”གྱི་ལེགས་ཆ་ཆེན་པོ་གཉིས་འཚོལ་ཞིབ་བྱས་ནས་འདོན་སྤེལ་བྱས་པ།

    དམག་དམངས་མཉམ་འདྲེས་ཀྱི་ལེགས་ཆ་བཏོན་ནས་སྨན་བཅོས་ཀྱི་ཐོན་ཁུངས་མཉམ་སྤྱོད་བྱས་ཤིང་། རྫ་ཡུལ་རྫོང་གིས་བཅའ་སྡོད་དཔུང་སྡེ་དང་མཐུན་སྦྱོར་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་མཐའ་མཚམས་ཤང་གྲོང་འཕྲོད་བསྟེན་ཁང་དང་བཅའ་སྡོད་དཔུང་སྡེའི་སྨན་ཁང་དང་འཕྲོད་བསྟེན་ཁང་དབར་དམག་དཔུང་དང་ས་གནས་ཀྱི་སྨན་བཅོས་མཉམ་ལས་གྲོས་མཐུན་འཇོག་རྒྱུར་སྐུལ་འདེད་བཏང་སྟེ། ཤང་གྲོང་འཕྲོད་བསྟེན་ཁང་གིས་བཅའ་སྡོད་དཔོན་དམག་ལ་ཐོགས་མེད་བགྲོད་ལམ་བཏོད་པས་དོས་དྲག་དཔོན་དམག་ལ་འཕྲལ་མར་ནུས་ཆེའི་སྨན་བཅོས་ཐུབ་པ་དང་། ཕྱི་ཕྱོགས་ནས་གདན་ཞུ་བྱས་པའི་རིགས་གཅིག་མཁས་ཅན་ཡིན་པའི་བཅའ་སྡོད་གསོ་སྦྱོང་གི་སྨན་དོན་སྟོབས་ཤུགས་ཀྱིས་དུས་བཀག་ལྟར་རྫོང་མི་དམངས་སྨན་ཁང་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་། འཕྲོད་བསྟེན་ཁང་བཅས་སུ་རིན་མེད་སྨན་བཅོས་བྱེད་པ་དང་། བཅའ་སྡོད་དཔུང་སྡེའི་སྨན་བཅོས་ཀྱི་ཐོན་ཁུངས་མང་ཚོགས་ལ་ཕྱོགས་ནས་སྒོ་ཕྱེ་བ་དང་དུས་ངེས་མེད་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བས། དམག་དཔུང་དང་ས་གནས་ཕྱོགས་གཉིས་པོའི་མཉམ་ལས་གཉིས་ཕན་དང་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱུང་ཡོད།

    སྨན་བཅོས་བོད་སྐྱོར་གྱི་ལེགས་ཆ་བཏོན་ནས་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་བཏང་ཞིང་། རྫ་ཡུལ་རྫོང་གིས་བོད་སྐྱོར་སྨན་བཅོས་ཤེས་ལྡན་པའི་ལེགས་ཆར་བརྟེན་ནས་ལག་རྩལ་གྱི་སྟོང་ཆ་བསྐངས་པ་དང་། ཧྲེན་ཀྲེན་གྲོང་ཁྱེར་གྱིས་མཁོ་ཆོད་སྨན་བཅོས་ཤེས་ལྡན་པ་23བདམས་ནས་རྫ་ཡུལ་རྫོང་སྨན་རྩིས་ཁང་དང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཁག་གཅིག་བཅས་སུ་མངགས་ཏེ་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་བ། མཁའ་དམག་གི་ཁྱད་ལྡན་གསོ་རིག་ལྟེ་གནས་དང་མཉམ་འབྲེལ་སྨན་བཅོས་བོད་སྐྱོར་རུ་ཁག་བཙུགས་ཏེ་ཁྱོན་བསྡོམས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་ཤེས་ལྡན་པ་21རྫ་ཡུལ་རྫོང་མི་དམངས་སྨན་ཁང་དུ་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་བར་མངགས་པ་རེད།

    “ནང་ཁུལ་དུ་སྨན་བཅོས་གཅིག་མཐུན་ཚོགས་པ་སྟོབས་ཆེར་གཏོང་བ་དང་ཕྱི་ཕྱོགས་སུ་སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུཌ་པའི”ཐབས་ལམ་གཉིས་འཚོལ་ཞིབ་བྱས་ནས་ལེགས་སུ་བཏང་བ།

    ནང་ཁུལ་དུ་སྨན་བཅོས་གཅིག་མཐུན་ཚོགས་པ་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གཞི་རིམ་གྱི་བདེ་ཐང་དྲ་ཚགས་དམ་དུ་བཏང་ཞིང་། རྫ་ཡུལ་རྫོང་ཁོངས་སུ“གཞི་གཅིག་ཅན་གྱི་དོ་དམ་བྱེད་ཐབས་ཁག་དྲུག”ལྟེ་བར་བྱས་པའི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་ཕྱོགས་བསྡུས་ནོར་དོན་ཁང་བཙུགས་ནས་སྨན་བཅོས་གཅིག་མཐུན་ཚོགས་པའི་མ་དངུལ་དོ་དམ་དང་། སྨན་བཅོས་ཡོ་བྱད། ནད་བརྟག་ཚོད་ལྟའི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་བཅས་ཀྱི་འགན་འཁུར་བ་དང་སྨན་རྫས་བརྗེ་འཐེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བས། རྫོང་དང་ཤང་རིམ་གཉིས་ཀྱི་སྨན་བཅོས་སྒྲིག་གཞིའི་སྨན་རྫས་འབྲེལ་མཐུད་ནུས་ལྡན་བྱུང་ཡོད།

    ཕྱི་ཕྱོགས་སུ་སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ནས་རོགས་རེས་འགན་སྲུང་དྲ་བ་ཚགས་དམ་དུ་བཏང་ཞིང་། རྫ་ཡུལ་རྫོང་གིས་ཕྱི་ཕྱོགས་སུ“བྱང་དུ་མཁའ་དམག་དམིགས་བསལ་སྨན་ཁང་ལ་སྒྱུར་བ་དང་། ལྷོ་རུ་ཧྲེན་ཀྲེན་སྨན་ཁང་ལ་སྒྱུར་བ། ཉེ་འཁོར་དུ་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དང་དེ་བཞིན་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དང་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་དང་། དཔའ་ཤོད་རྫོང་། དེ་བཞིན་ཡུན་ནན་ཞིང་ཆེན་ཀུང་ཧྲན་རྫོང་མི་དམངས་སྨན་ཁང་བཅས་དང་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི”སྨན་བཅོས་མཉམ་འབྲེལ་ཚོགས་པ་བཙུགས་ནས་རོགས་སྐྱོར་སྨན་ཁང་དང་མཉམ་དུ་ནད་གཞི་ཛ་དྲག་ལ་སྲོག་ཉེན་ཆེ་བའི་ནད་པ་སྒྱུར་ལེན་གྱི་ལམ་སྲོལ་བཙུགས་ཡོད།

    “རྫོང་སྟོབས་ཆེན་དང་། ཤང་འཁྲུག་ཆ་དོད་པ། གྲོང་ཚོ་བརྟན་ལྷིང”བཅས་ཀྱི་རིམ་གསུམ་མ་ལག་འཚོལ་ཞིབ་བྱས་ནས་བསྐྲུན་པ།

    “རྫོང་སྟོབས་ཆེན”ལ་དམིགས་ཏེ་སྣེ་འདྲེན་སྨན་ཁང་གི་སྟོབས་ཤུགས་ཆེ་རུ་བཏང་ཞིང་། རྫ་ཡུལ་རྫོང་མི་དམངས་སྨན་ཁང་གིས་དོས་དྲག་དང་འཇུ་བྱེད་སྡེ་ཁག་སོགས་གཙོ་གནད་སྡེ་ཁག་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། མཁལ་མ་གཡོན་མའི་གཤགས་བཅོས་དང་ཀ་ལི་གཤགས་ནས་དེའི་གནོན་ཤུགས་ཆུང་དུ་གཏོང་བའི་གཤགས་བཅོས་སོགས་ཛ་དྲག་དང་ཚབས་ཆེ་བའི་ནད་གཞི་སྨན་བཅོས་ཐེངས་དང་པོ་བྱས་ནས“ཀ་པ་རིམ་པ་གཉིས་པའི”ཕྱོགས་བསྡུས་སྨན་ཁང་གསར་གཏོད་དང་གདེང་འཇོག་ལས་དོན་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་བྱས་ཡོད་པ་རེད།

    “ཤང་འཁྲུག་ཏུ་གཏོང་བར”དམིགས་ཏེ་ཤང་འཕྲོད་བསྟེན་ཁང་གི་འགུལ་ནུས་གསར་པ་འཕེལ་བར་བྱས་ཤིང་། 2024ལོར་རྫ་ཡུལ་རྫོང་གི་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞིས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་ཁག་16སྤེལ་རོགས་བྱས་ཡོད། ཧྲེན་ཀྲེན་གྱི་ལྟེ་བའི་སྨན་ཁང་གསུམ་གྱིས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་6ལ་ཁ་གཏད་རོགས་སྐྱོར་བྱེད་པར་མཐུན་སྦྱོར་བྱས་ཏེ། སྨན་ཁང་གིས་སྨན་ཁང་འགན་གཙང་ལེན་པ་དང་། རིགས་གཅིག་མཁས་ཅན་མངགས་གཏོང་བྱེད་པ། ནད་ཐོག་སློབ་ཁྲིད་བྱེད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་དོ་དམ་བྱེད་རོགས་དང་། སྣེ་ཁྲིད་བྱེད་རོགས། རོགས་སྐྱོར་བྱེད་རོགས་བཅས་བྱས་ཏེ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད་པ་རེད།

    “གྲོང་ཚོ་བརྟན་ལྷིང”ལ་དམིགས་ཏེ་གྲོང་ཚོའི་འཕྲོད་བསྟེན་ཁང་གི་ཞབས་ཞུའི་འབྲེལ་ཐག་འཐུས་སྒོ་ཚང་དུ་བཏང་ཞིང་། རྫ་ཡུལ་རྫོང་གྱིས“སྨན་པ་གཅིག་དང་སྨན་གཡོག་གཅིག”གཙོ་ཁྲིད་དུ་བྱེད་པ་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཁག་གི་ཆེད་བསྐོས་པ་དང་གྲོང་གསེབ་སྨན་པ་བྱེད་པོར་བྱས་པའི་ཁྱིམ་ཚང་སྐོར་ཞིབ་ཡན་ལག་རུ་ཆུང་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཁྲི་2.8ལ་གན་འཇོག་ཞབས་འདེགས་ཞུས་ཏེ་གྲོང་མིར་སྨན་བཅོས་ཀྱི་སྟབས་བདེའི་རང་བཞིན་དང་རྒྱུན་མཐུད་རང་བཞིན་ཆེ་རུ་བཏང་ཡོད། “གྲོང་ཚོའི་སྨན་པའི་ཞབས་ཞུའི་ལས་གནས”བཟོས་ནས་ས་གནས་དེ་ག་དང་གྲོང་ཚོ་དེ་གའི་གྲོང་ཚོའི་སྨན་པར་གཙོ་གནད་གསོ་སྐྱོང་བྱས་པ་དང་ཆབས་ཅིག་ལས་ཞུགས་མ་ཐུབ་པའི་སློབ་ཆེན་ཐོན་པའི་ཆེད་བསྐོས་པ་དང་སློབ་ཆེན་ཐོན་པའི་གྲོང་ཚོའི་སྨན་པ་བསྡུས་ཡོད་པ་རེད།

    “སྤྱི་འདོམས་དང་། དོ་དམ། མཐུན་སྦྱོར”བཅས་ཀྱི་ལམ་སྲོལ་ཁག་གསུམ་འཚོལ་ཞིབ་བྱས་ནས་འཐུས་སྒོ་ཚང་དུ་བཏང་བ།

    མཐོ་གནས་སྤྱི་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། རྫ་ཡུལ་རྫོང་གིས་རྫོང་དཔོན་ཙུའུ་ཀྲང་དང་ལས་བགོས་རྫོང་དཔོན་གཞོན་པ་ཙུའུ་ཀྲང་གཞོན་པ་བྱས་པའི་རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་བཙུགས་པ་མ་ཟད། དུས་བཀག་ལྟར་ཚོགས་འདུ་འཚོགས་ནས་ལས་འགན་ལ་ཞིབ་འཇུག་བཀོད་སྒྲིག་ཀྱང་བྱས་ཏེ་སྨན་བཅོས་སྒྱུར་བཅོས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་རེད།

    ནང་ཁུལ་ཚོད་འཛིན་གྱི་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། རྫ་ཡུལ་རྫོང་གྱིས《རྫ་ཡུལ་རྫོང་གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་གྲུབ་འབྲས་དཔྱད་བསྡུར་གཏན་འབེབས་བགོ་བཤའི་ཇུས་གཞི(ཚོད་ལྟའི་ལག་བསྟར)》དང《རྫ་ཡུལ་རྫོང་མི་དམངས་སྨན་ཁང་གི་བྱས་འབྲས་གླ་ཕོགས་དཔྱད་ཞིབ་བགོ་བཤའི་ཇུས་གཞི(ཚོད་ལྟའི་ལག་བསྟར)》བཟོས་ཏེ། རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ཀྱི་འགན་འཁྲིའི་གསལ་ཐོ་བཟོ་བའི་རྨང་གཞིའི་ཐོག་སྡེ་ཚན་མང་པོའི་མཉམ་འབྲེལ་དཔྱད་ཞིབ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། དཔྱད་ཞིབ་བྱས་འབྲས་དེ་སྨན་བཅོས་ལས་ཁུངས་ཀྱི་ནོར་སྲིད་ཁ་གསབ་དང་། འགོ་ཁྲིད་ཚན་ཁག་བསྐོ་འཐེན། བྱ་དགའ་ཆད་གཅོད་བཅས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ཏེ། ལམ་ལུགས་ལ་བརྟེན་ནས་མིར་དོ་དམ་བྱེད་པ་དང་། ལམ་ལུགས་ལ་བརྟེན་ནས་དོན་དག་ལ་དོ་དམ་བྱེད་པ། ལམ་ལུགས་ཅན་ལ་བརྟེན་ནས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ལམ་སྲོལ་བཟང་པོ་ཞིག་ཆགས་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།