ཁྲུང་ཆིང་སྨན་བཅོས་ཚོགས་པས་ཆབ་མདོར་བསྐྱོད་ནས་ལྷན་སྐྱེས་སྙིང་ནད་དང་མཆུ་ཤོ་རྐན་ཤོའི་ནད་པར་རིན་མེད་གྲལ་བཤེར་བྱས་པ།
ཁྲུང་ཆིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། ཁྲུང་ཆིང་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པ། ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱི་མཉམ་འབྲེལ་སྐུལ་འདེད་འོག ཁྲུང་ཆིང་གསོ་རིག་སློབ་ཆེན་ཁོངས་གཏོགས་ཀྱི་བྱིས་པའི་སྨན་ཁང་གིས་ཁྲུང་ཆིང་གསོ་རིག་སློབ་ཆེན་འབུམ་རམས་པའི་སྨན་བཅོས་ཞབས་ཞུའི་ཚོགས་པ་དང་འབྲེལ་ཡོད་རོགས་སྐྱོབ་ཐེབས་རྩ་ལྷན་ཚོགས་ཀྱི་མི་9སྒྲིག་འཛུགས་ཀྱིས་ཟླ་4ཚེས་7ཉིན་ནས་བཟུང་ཁྲུང་ཆིང་གི་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཆབ་མདོ་གྲོང་ཁུལ་དང་དེ་བཞིན་རི་བོ་ཆེ་དང་། བྲག་གཡབ། སྨར་ཁམས་བཅས་རྫོང་གསུམ་དུ་བསྐྱོད་དེ་ལྷན་སྐྱེས་སྙིང་ནད་དང་མཆུ་ཤོ་རྐན་ཤོའི་བྱིས་པར་རིན་མེད་གྲལ་བཤེར་བྱས་པ་རེད།
གྲལ་བཤེར་བྱ་ཡུལ་དུ་རིགས་གཅིག་མཁས་ཅན་ཚོས“མི་གཅིག་ལ་ཡིག་ཚགས་གཅིག”གི་བྱེད་ཐབས་ཐོག་ནས་སྒྲ་རླབས་བརྟག་ཆས་དང་ཉན་བརྟག་ཡོ་བྱད་སྤྱད་དེ་ཕྲུ་གུ་ཚོར་བརྟག་དཔྱད་ཞིབ་ཚགས་བྱས་པ་མ་ཟད། ཁྱིམ་བདག་ཚོའི་དོགས་འདྲིར་ངང་རྒྱུད་རིང་པོས་ལན་བརྒྱབ་པ་རེད།
མིག་སྔར། སྨན་བཅོས་ཚོགས་པས་རི་བོ་ཆེ་རྫོང་དང་ཆབ་མདོ་གྲོང་ཁུལ་དུ་དུས་མཚམས་དང་པོའི་གྲལ་བཤེར་ལེགས་སྒྲུབ་ཟིན་ནས་བསྡོམས་བྱིས་པ་58ལ་བརྟག་དཔྱད་བྱས་པ་རེད། ཟླ་4པའི་ཟླ་དཀྱིལ་དང་ཟླ་སྨད་ནས་བཟུང་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པ་ཁག་སོ་སོར་དབྱེ་སྟེ་ཆབ་མདོར་གཤགས་བཅོས་བྱེད་པའམ་ཡང་ན་ཁྲུང་ཆིང་དུ་སྨན་བཅོས་བྱེད་པར་ཁྲིད་རྒྱུ་དང་། མཆུ་ཤོ་རྐན་ཤོའི་བྱིས་པ་ཚང་མ་ཆབ་མདོར་གཤགས་བཅོས་བྱ་རྒྱུ་རེད།