དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སྒྲའི་སྐོར་ལ་ཅུང་ཟད་དཔྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-26

    དང་པོ། སྒྲ་ལ་རིགས་འདྲའི་རྒྱུན་ཡོད་མེད་ལ་དཔྱད་པ།

    དེ་ཡང་སྒྲ་ནི་སྔ་མའི་རྒྱུན་གྱིས་ཕྱི་མ་སྐྱེས་པ་མ་ཡིན་པར་སྐད་ཅིག་སྐད་ཅིག་གིས་འགགས་འགྲོ་བ་ཞིག་ལ་ཟེར་བ་ཡིན་པས། སྤྱིར་སྒྲ་ལ་རིགས་འདྲའི་རྒྱུན་མེད་པ་ནི་མཁས་པ་མང་པོའི་བཞེད་དགོངས་ལགས། དེ་ཡང་ཞིབ་ཏུ་བརྟག་ན། སྤྱིར་གཟུགས་ཅན་གྱི་སྐྱེ་མཆེད་གཞན་རྣམས་ནི་རང་གི་རིགས་མཐུན་གྱི་རྡུལ་ཕྲན་དུ་མ་བསགས་ཏེ་རགས་པའི་གནས་སྐབས་ཀྱི་ཚོགས་པ་འགྲུབ་ཏུ་ཡོད་ལ། རང་གི་སྐད་ཅིག་སྔ་མ་དེ་སྐད་ཅིག་ཕྱི་མའི་ངོ་བོར་གྱུར་པས་རིགས་འདྲའི་རྒྱུན་འཇོག་ནུས་པ་ཡིན། དེ་བས་རང་གི་རིགས་རྒྱུན་དུ་གྱུར་པའི་རྡུལ་ཕྲ་མོ་དུ་མ་བསགས་ཏེ་རགས་པའི་གནས་སྐབས་བར་བོངས་ཚོད་ཆེ་རུ་འགྲོ་བ་ཡིན་ཡང་། སྒྲ་ནི་རང་ཉིད་རྩོམ་བྱེད་ཀྱི་རིགས་མཐུན་གྱི་རྡུལ་དུ་མ་བསགས་ཀྱང་། སྒྲ་རང་ཉིད་བོངས་ཚོད་ཆེ་རུ་མི་འགྲོ་ཞིང་། སྒྲ་ཤུགས་ཆེ་ཆུང་དེ་ཡང་སྒྲ་རང་ཉིད་སྐྱེ་སའི་རྡུལ་དག་ནང་ཕན་ཚུན་གྱི་བརྡར་ཤུགས་ཆེ་ཆུང་དབང་གིས་སྒྲ་རླབས་ཀྱི་འདར་འགུལ་ཆེ་ཆུང་ལ་རགས་ལས་པ་ལས་སྒྲའི་བོངས་ཚོད་ཆེ་ཆུང་ནི་མ་ཡིན་པར་འདོད། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བའི་གསུང་བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་ལས། དེ་ལ་སྒྲའི་ཉེ་བར་ལེན་པ་ནི་སྒྲའི་རྡུལ་ཕྲ་རབ་བོ་ཞེས་ཁ་ཅིག་ཟེར་རོ། ། གཞན་དག་རླུང་གི་རྡུལ་ཕྲ་རབ་བོ་ཞེས་ཟེར་རོ། ། ཞེས་སྒྲའི་ཉེར་ལེན་ནི་དེ་རྩོམ་བྱེད་ཀྱི་རྡུལ་ཕྲ་རབ་ཡིན་པ་དང་། ཡང་ན་རླུང་གི་རྡུལ་ཕྲ་རབ་ཡིན་པའི་ཚུལ་གསུངས་ཤིང་། སློབ་དཔོན་ཤཱཀྱ་བློའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་ལས། ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ནི། ཐ་དད་པ་དང་ཐ་དད་པ་མེད་པར་རྣམ་པར་གཞག་པ་ནི་ཉེ་བར་ལེན་པའི་རྒྱུས་བྱས་པའི་ཉིད་ཡིན་ཏེ། དངོས་པོ་རྣམས་ཀྱི་སྐྱེ་བ་ནི་ཉེ་བར་ལེན་པ་དང་བྲལ་ན་ཡོད་པ་མ་ཡིན་ནོ། ། ཞེས་དང་། དེས་ན་རིགས་མཐུན་པ་དང་རིགས་མི་མཐུན་པའི་རྒྱུན་ཐ་དད་པ་རྣམ་པར་བཞག་པ་ནི་ཉེ་བར་ལེན་པས་བྱས་པ་ཉིད་ཡིན་ནོ། ། ཞེས་རྒྱ་ཆེར་སྨྲས་ལ། ཚུལ་འདི་ཐ་དད་རྒྱུ་ཐ་དད་ལས་ཡིན། ཅེས་པའི་དགོངས་པ་ཁ་ན་མ་ཐོ་བ་མེད་པར་བརྟག་པར་བྱའོ། ། ཞེས་ཉེར་ལེན་མེད་པའི་དངོས་པོ་མེད་པར་གསུངས། རྒྱལ་མཆོག་དགེ་འདུན་གྲུབ་ཀྱི་གསུང་ཚད་མ་རིགས་རྒྱན་ལས། དེས་ན་དེ་ལ་དངོས་ཀྱི་ཉེར་ལེན་ཡོད་དེ། དངོས་པོ་ཡིན་པའི་ཕྱིར། ཞེས་གསུངས་པ་སོགས་མཐའ་ཡས་པ་ཡོད་ཀྱང་འདིར་མཚོན་པ་ཙམ་དུ་སྨྲས་སོ། ། སྒྲ་ལ་ཉེར་ལེན་ཡོད་པས་རྫས་རྒྱུན་ཡོད་ཀྱང་། རིགས་འདྲའི་རྒྱུན་དང་རིགས་རྒྱུན་གཏན་ནས་མེད་པར་ནང་བསྟན་གྱི་གསུང་རབ་ཕལ་མོ་ཆེ་ལས་ཞལ་མཐུན་པར་གསུངས་ཡོད། འོན་ཀྱང་སྒྲ་ཤུགས་ཆེ་ཆུང་དང་རིང་ཐུང་འོང་བ་ནི་སྒྲ་སྐད་ཅིག་ཕྱི་མ་རྣམས་ནི་སྔ་མའི་ཤུགས་ཀྱིས་སྒྲ་རང་ཉིད་ཀྱི་རྒྱུ་ལམ་ཐོགས་བཅས་ཀྱི་གཟུགས་ཅན་བརྡབ་ཕྲད་དང་འགུལ་བསྐྱོད་དང་རླུང་གི་འདར་ཤུགས་བཅས་ལས་སྐྱེས་པས་དེ་དག་གི་རྒྱུན་རིང་ཐུང་དང་ཤུགས་ཆེ་ཆུང་ལས་སྒྲ་ཤུགས་དྲག་ཞན་དང་རིང་ཐུང་འོང་བ་ཞིག་ཡིན་པ་ལས་སྒྲ་རང་ཉིད་ཀྱི་རྒྱུན་སྔ་ཕྱི་ངོ་བོ་འགྱུར་ཏེ་སྒྲ་ཕྱི་མ་མ་ཆད་པར་བྱུང་སྟོབས་ཀྱིས་ཤུགས་ཆེ་ཆུང་དང་རིང་ཐུང་སོགས་བྱུང་བ་ནི་གཏན་ནས་མིན་པ་འདྲ་སྟེ། བརྒྱད་སྟོང་པ་ལས། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། པི་ཝང་གི་སྒྲ་བྱུང་བ་ཡང་གང་ནས་ཀྱང་མ་འོངས་འགགས་པ་ཡང་གང་དུ་ཡང་མི་འགྲོ་གང་དུ་ཡང་མི་འཕོ་སྟེ། རྒྱུ་དང་རྐྱེན་ཚོགས་ལ་བརྟེན་ནས་བྱུང་བ་རྒྱུ་ལ་རགས་ལས་པ་རྐྱེན་ལ་རགས་ལས་པ། འདི་ལྟ་སྟེ། པི་ཝང་གི་ཁོག་པ་ལ་བརྟེན་པགས་པ་ལ་བརྟེན་རྒྱུད་ལ་བརྟེན་ཡུ་བ་ལ་བརྟེན། ཤིང་བུ་ལ་བརྟེན། རྒྱུད་རྟེན་ལ་བརྟེན། མི་དེ་ལས་སྐྱེས་པའི་རྩོལ་བ་ལ་བརྟེན་ནས་འདི་ལྟར་པི་ཝང་དེ་ལས་སྒྲ་འབྱུང་སྟེ། ཞེས་སྐྱེས་བུའི་རྩོལ་བ་དང་། པི་ཝང་གི་རྒྱུད་དང་ཡུ་བ་སོགས་ལས་སྒྲ་བྱུང་བ་ཞིག་ཡིན་པ་ལས་སྒྲའི་རྒྱུན་གཞན་ཞིག་ཏུ་འགྲོ་བ་མེད་པ་གསུངས་པ་དང་། སློབ་དཔོན་གང་སྤེལ་གྱི་མཛོད་འགྲེལ་མཚན་ཉིད་རྗེས་འབྲང་ལས། རྣ་བའི་ནང་དུ་ཡང་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་ཐག་རིང་པོ་ནས་ཀྱང་ཐོས་པའི་ཕྱིར་རྣ་བའི་ཡུལ་དང་མ་ཕྲད་པ་ཡིན་པར་སེམས་སོ། །མུ་སྟེགས་བྱེད་ཁ་ཅིག་ན་རེ། སྒྲ་རྒྱུན་ཆགས་པར་འཇུག་པའི་རིམ་པས་རྣ་བར་འོངས་པ་རྟོགས་པར་བྱེད་པའི་ཕྱིར་རྣ་བ་ནི་ཡུལ་དང་ཕྲད་པ་ཁོ་ན་ཡིན་ཞེས་ཟེར་རོ། ། དེ་ནི་དེ་ལྟ་མ་ཡིན་ཏེ། ལག་པར་བཅངས་པས་དྲིལ་བུའི་སྒྲ་འགགས་མ་ཐག་ཏུ་སྒྲ་མི་ཐོས་པའི་ཕྱིར་རོ། །ཐོགས་བཅས་ཀྱི་གཟུགས་སྐད་ཅིག་སྔ་ཕྱི་གཡོ་འགུལ་གྱིས་བརྡབ་ཕྲད་དང་འགུལ་བསྐྱོད་ཀྱིས་སྐྱེས་པའི་སྒྲ་སོ་སོ་ནི་བརྡབ་པའི་སྐད་ཅིག་དེ་ཉིད་ལ་ཆད་པ་ཡིན་པ་ལས་སྒྲ་ཕྱི་མ་རྣམས་ལ་མཐུད་དེ་འོང་བ་ནི་གཏན་ནས་མིན་ཡང་། ངེད་ཅག་གི་བློ་ལ་ཆུ་བོའི་རྒྱུན་ལྟར་མཐུད་ནས་འོང་བའི་སྣང་བ་ཤར་བ་ནི་ཐོགས་མེད་ནས་གོམས་པའི་སྔ་ཕྱི་གཅིག་འཛིན་གྱི་རྟག་འཛིན་གྱི་བག་ཆགས་ལས་བྱུང་བའི་འཁྲུལ་སྣང་ཙམ་ལས་དོན་ལ་གནས་པ་ཞིག་གཏན་ནས་མིན་ལ། སྒྲ་སྐད་ཅིག་སྔ་ཕྱི་ཞེས་པ་ཡང་ཐོགས་བཅས་ཀྱི་གཟུགས་སྔ་ཕྱི་བརྡབ་པ་དང་འགུལ་བསྐྱོད་ལས་བྱུང་བའི་སྒྲ་སྔ་མ་དང་ཕྱི་མ་གྲུབ་པའི་གོ་རིམ་གྱིས་རྩིས་པ་ལས་རྒྱུན་སྔ་ཕྱི་མཐུད་པའི་སྒོ་ནས་སྐད་ཅིག་སྔ་ཕྱི་འཇོག་པ་ནི་མིན་ནོ།

    གཉིས་པ། རྣ་ཤེས་ཀྱིས་སྒྲ་འཛིན་ཚུལ་ལ་དཔྱད་པ།

    འོ་ན་དེ་འདྲའི་བརྡར་འགུལ་བྱས་པ་ལས་བྱུང་བའི་སྒྲ་རྣམས་རྣ་ཤེས་ཀྱིས་ཚུལ་ཇི་ལྟ་བུའི་སྒོ་ནས་འཛིན་ནམ་ཞེ་ན། དེ་ལ་ཡང་རྒྱུ་རྐྱེན་མང་དག་ཚོགས་དགོས་པ་ཡིན་ཏེ། གཅིག་ནས་སྒྲ་བྱུང་བའི་གཞི་ཡོད་དགོས། གཉིས་ནས་སྒྲ་ཐོས་པའི་དབང་པོ་དགོས། གསུམ་ནས་སྒྲ་འཛིན་པའི་ཤེས་པ་དགོས་ལ། བཞི་ནས་སྒྲ་རླབས་རྒྱུ་བའི་ཆ་རྐྱེན་ཚང་དགོས་པ་ཡིན། དེ་ཡང་སེམས་ཅན་མི་འདྲ་བའི་འདྲ་ཤུགས་ཆེ་ཆུང་འཛིན་ཚུལ་མི་འདྲ་ཡང་སྤྱིར་ཉན་ཤེས་ཀྱི་སྒྲ་འཛིན་ཚུལ་འདྲ་བ་ཡིན་པས། རང་དང་ཆེས་ཐག་ཉེ་བའི་འགྲོ་བ་མི་ལྟ་བུ་ཞིག་དཔེ་མཚོན་ལ་བཀོད་ནས་བརྟག་ན། སྤྱིར་སྒྲ་འཛིན་པར་བྱེད་པའི་རྣ་ཤེས་ནི་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་རྣའི་དབང་པོ་ལ་བརྟེན་ནས་སྒྲ་བཟུང་དོན་དུ་བྱས་པའི་ཤེས་པ་ཞིག་ཡིན་ལ། སྒྲ་དེ་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་རྣ་དབང་དེས་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱས་པ་ལ་བརྟེན་ནས་རྣ་ཤེས་ཞེས་པ་སྐྱེ་བ་ཡིན། དེ་འདྲའི་རྣ་ཤེས་དེ་བདག་རྐྱེན་དང་སྒྲ་དུས་མཉམ་དུ་བྱུང་བ་ལས་སྐྱེས། དེའི་སྐོར་དམ་པ་གོང་མ་རྣམས་ཀྱིས་གཞུང་དུ་ཆེས་སྔ་མོའི་དུས་ནས་གསུངས་ཟིན་པ་རྒྱབ་རྟེན་དུ་བྱས་ནས་བརྟག་ན། ཤེས་པས་ཡུལ་འཛིན་པ་ལ་སྤྱིར་རྐྱེན་གསུམ་དང་ལྡན་དགོས་པར་གསུངས་པ་ནི་དམིགས་རྐྱེན་དང་། བདག་རྐྱེན། དེ་མ་ཐག་རྐྱེན་བཅས་པ་ཡིན་ཞིང་། དེ་གསུམ་སྐབས་བབས་ཀྱི་བརྗོད་དོན་རྣ་ཤེས་ཀྱི་སྒྲ་འཛིན་པ་ལ་བརྟེན་ནས་འགྲེལ་ན། དམིགས་རྐྱེན་ནི་སྒྲ། རྣ་ཤེས་དེ་སྒྲའི་རྣམ་ལྡན་དུ་གཙོ་བོར་སྐྱེད་བྱེད་དེ། རྣ་ཤེས་ཀྱི་མཉན་བྱ་དེ་སྒྲའི་རྣམ་པར་སྐྱེ་བ་ཡིན་པའི་ཕྱིར། བདག་རྐྱེན་ནི་རྣའི་དབང་པོ་སྟེ་དབང་པོ་གཟུགས་ཅན་པ་དེའོ། ། དེ་ནི་རང་དབང་དུ་གཙོ་བོར་སྐྱེད་བྱེད་དེ་ཡིན། སྤྱིར་བདག་རྐྱེན་དེ་སྒྲའི་རྣམ་པར་སྐྱེ་བ་ལའང་ཕན་ལ་རྣ་ཤེས་ཀྱི་མཉན་བྱ་དེ་སྐྱེ་བར་ཡང་བྱེད་ཀྱང་། སྒྲའི་རྣམ་ལྡན་དུ་གཙོ་བོར་སྐྱེ་བར་མི་བྱེད་དེ། རྣམ་ལྡན་དུ་སྐྱེ་ན་རྣམ་ལྡན་དུ་གཙོ་བོར་སྐྱེ་བྱེད་ཡིན་པས་མ་ཁྱབ་པའི་ཕྱིར། དེ་མ་ཐག་རྐྱེན་ནི་རྣ་ཤེས་དེའི་སྔ་ལོགས་དེ་མ་ཐག་ཏུ་བྱུང་བའི་སྒྲ་ཡིད་ལ་བྱེད་པའི་ཤེས་པ་སྟེ། གསལ་རིག་ཏུ་གཙོ་བོར་སྐྱེད་བྱེད་དེའོ། ། དེ་ནི་ཤེས་པ་གསལ་རིག་ཡིན་ལ། ཁོ་རྒྱུན་མཐུད་ནས་སྐྱེས་པར་བྱེད་པ་ལ་ཐུན་མོང་མ་ཡིན་པའི་དེ་མ་ཐག་རྐྱེན་ཞིག་དགོས། དེ་འདྲ་མེད་ན་རྒྱུན་མཐུད་ནས་སྐྱེ་མི་ཐུབ་པ་ཡིན། དེས་ན། དེ་འདྲའི་སྒྲ་འཛིན་ཉན་ཤེས་དེས་སྒྲ་འཛིན་པ་ལ་རྐྱེན་གསུམ་གང་རུང་མ་ཚང་ནའང་མི་འགྲིག་སྟེ། དམིགས་རྐྱེན་སྒྲ་མེད་ན་སྒྲའི་རྣམ་ལྡན་དུ་སྐྱེ་མི་ཤེས་ཤིང་། བདག་རྐྱེན་དབང་པོ་གཟུགས་ཅན་པ་དེ་མེད་ན་སྒྲ་འཛིན་ཉན་ཤེས་གྲུབ་ཏུ་མེད་དེ། དེ་ནི་དེ་གྲུབ་པ་ལ་མེད་དུ་མི་རུང་བའི་རྒྱུ་ཐུན་མོང་མ་ཡིན་པ་ཞིག་ཡིན་པའི་ཕྱིར། དེ་མ་ཐག་རྐྱེན་དེ་མེད་ན་གསལ་རིག་གི་ཆ་དེ་རྒྱུན་མཐུད་ནས་སྐྱེ་མི་ཐུབ་སྟེ། སྒྲ་འཛིན་ཉན་ཤེས་ནི་ཤེས་པ་གསལ་རིག་གི་ཆ་ཡིན། དེ་འདྲའི་གསལ་རིག་གི་ཆ་དེ་རྒྱུན་མཐུད་ནས་སྐྱེས་པར་བྱེད་པ་ལ་ཐུན་མོང་མ་ཡིན་པའི་རྒྱུ་ཤེས་པ་ཞིག་དགོས་ཏེ། དེའི་སྔ་ལོགས་དེ་མ་ཐག་ཏུ་བྱུང་བའི་གཟུགས་ཡིད་ལ་བྱེད་པའི་ཤེས་པ་ཞིག་མེད་ན་ཤེས་པའི་རྒྱུན་མཐུད་ནས་སྐྱེ་མི་ཐུབ་པའི་ཕྱིར། དེས་ན། རྣ་ཤེས་ཀྱི་སྒྲ་འཛིན་པ་ནི་ཆེས་ཤིན་ཏུ་རྙོག་འཛིང་ཆེ་བའི་བརྒྱུད་རིམ་ཞིག་ཏུ་སྣང་ཡང་སྔོན་བྱོན་མཁས་པའི་གསུང་རྒྱུན་དུ་འདི་ལྟ་བུའི་ཞིབ་ཆ་ལྡན་པར་གསུངས་གནང་བ་ནི་དགའ་མགུ་ཡི་རངས་པའི་གནད་ཁོ་ནར་འདུག་གོ ། དེ་འདྲའི་རྣ་ཤེས་ཀྱི་སྒྲ་འཛིན་པར་གོང་བཀོད་ཀྱི་རྐྱེན་དེ་གསུམ་ཕུད་ད་དུང་ཡང་རྐྱེན་གཞན་འགའ་ཡང་དགོས་འདུག་པ་ནི་སྒྲ་རླབས་རྒྱུ་བའི་ཆ་རྐྱེན་དེའོ། ། ཚན་རིག་པས་བརྟག་དཔྱད་བྱས་པར་གཞིགས་ན་སྒྲ་རླབས་ནི་སྲ་གཟུགས་དང་རླུང་གཟུགས། གཤེར་གཟུགས་བཅས་ཀྱི་ཁྲོད་དུ་རྒྱུ་ཐུབ་པ་ལས་མཁའ་རླུང་མེད་པའི(真空) གནས་སུ་རྒྱུ་མི་ཐུབ་པར་གསུངས་སོ། ། ཆ་རྐྱེན་དེ་གསུམ་ཁྲོད་སྒྲ་རླབས་རྒྱུ་བའི་མྱུར་ཚད་ཀྱང་སྤྱིར་མི་འདྲ་བ་ཡིན་ལ་དྲོད་ཚད་མཐོ་དམན་གྱིས་ཀྱང་སྒྲའི་མྱུར་ཚད་ལ་ཤུགས་རྐྱེན་གང་འཚམ་ཐེབས་ཀྱི་ཡོད་པས་ཚན་རིག་པས་བརྟག་དཔྱད་བྱས་པར་གཞིགས་ན་སྤྱིར་དྲོད་ཚད་གཅིག་མཚུངས་ཀྱི་ཆ་རྐྱེན་འོག་ལྟོས་བཅས་ཀྱི་སྲ་གཟུགས་ཁྲོད་དུ་སྒྲ་རླབས་མྱུར་ཤོས་སུ་རྒྱུ་ཞིང་། མཁའ་རླུང་ཁྲོད་སྒྲ་རླབས་ཅུང་མགོར་ལ། གཤེར་གཟུགས་ཁྲོད་བར་མར་རྒྱུ་བར་གསུངས་སོ། །

    (བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་2022ལོའི་ཤེས་རམས་ཞིབ་འཇུག་སློབ་མ་བཀྲ་ཤིས་སྒྲོལ་མ། ཞིབ་འཇུག་གི་ཁ་ཕྱོགས་ཚད་གྲུབ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།