དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • མལ་གྲོ་གུང་དཀར་རྫོང་གི

    “སྐལ་བཟང་མེ་ཏོག་བཞད”སློབ་གྲྭ་ཆེ་མོ་བའི་ལས་གཏོད་དོ་དམ་ཚད་ཡོད་ཀུང་སིས་ལས་ཞུགས་ལ་སྣེ་ཁྲིད་དང་ལས་གཏོད་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-27

    འདི་ནི་མལ་གྲོ་གུང་དཀར་རྫོང་གིས་མང་ཚོགས་སྒྲིག་འཛུགས་བྱས་ནས་ཏན་ཞིམ་བཟོ་བའི་རྩལ་ནུས་སློབ་བཞིན་པ།

    འདི་ནི་སྒོ་རྩར་ལས་ཞུགས་ཐུབ་པའི་མལ་གྲོ་གུང་དཀར་རྫོང་དག་པ་གྲོང་ཚོའི་ཡུལ་མིས་ཞིང་ལས་དཔེ་སྟོན་གླིང་དུ་ལས་ཀ་བྱེད་བཞིན་པ།

    འདི་ནི་མལ་གྲོ་གུང་དཀར་རྫོང་གི་མཐོ་སློབ་སློབ་ཐོན་སློབ་མའི་ལས་བསྡུའི་འདུ་ཚོགས་གཉེར་བཞིན་པའི་རྣམ་པ་ཡིན་པ།

    ཉེ་ཆར། གསར་འགོད་པ་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་སྐལ་བཟང་མེ་ཏོག་བཞད་སློབ་གྲྭ་ཆེ་མོ་བའི་ལས་གཏོད་དོ་དམ་ཚད་ཡོད་ཀུང་སིར་སྐྱོད་སྐབས། ཀུང་སིའི་གང་སར་ལས་བྲེལ་ཀྱིས་ཁེངས་ཤིང་། དོན་གྲུབ་ཚེ་རིང་དང་ལས་མིས་གློག་ཀླད་ཀྱི་མདུན་དུ་བསྡད་ནས་ཚོང་ཤག་གིས་མངགས་པའི་བརྡ་སྦྱོར་བློ་རྩེ་གཅིག་སྒྲིམ་གྱིས་ཇུས་འགོད་བྱེད་བཞིན་འདུག བྱི་རྟགས་གནོན་པའི་སྒྲ་དང་མཐེབ་གཞོང་རྡེབ་སྒྲ་ལས་སྤྲོ་སྣང་ལྡན་པའི་རོལ་དབྱངས་ཤིག་དཀྲོལ་བ་ལྟར་སྣང་།

    2018ལོར་སློབ་གྲྭ་ཆེ་མོ་ནས་ཐོན་རྗེས་ཀྱི་ལོ་གཉིས་པར། དོན་གྲུབ་ཚེ་རིང་གིས་མལ་གྲོ་གུང་དཀར་རྫོང་སྐལ་བཟང་མེ་ཏོག་བཞད་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་སྦྱོང་བརྡར་སྒར་སའི་གསོ་སྦྱོང་འཛིན་གྲྭར་ཞུགས་པའི་མིང་ཐོ་བཀོད་པ་རེད། དོན་གྲུབ་ཚེ་རིང་གིས་ཕྱིར་དྲན་བྱེད་བཞིན། “སྐབས་དེར་སློབ་གྲྭ་ཐོན་མ་ཐག་ཡིན་པས། ལས་གཏོད་ཀྱི་ཕུགས་འདུན་ཡོད་ཀྱང་ག་བྱེད་འདི་བྱེད་མི་འདུག དམིགས་བསལ་སྦྱོང་བརྡར་སྒར་ས་ནས་ང་ལ་ཁ་ཕྱོགས་བསྟན་བྱུང”ཞེས་བཤད། 2020ལོར་ཁོང་དང་མཉམ་ལས་པས་སེམས་ཤུགས་ཆེན་པོས་ཀུང་སི་དེ་བཙུགས། འོན་ཀྱང་། ལས་གཏོད་ཀྱི་ལམ་བུར་གེགས་བར་སྣ་ཚོགས་འཕྲད་སྲིད་པས། དང་ཐོག་ཀུང་སི་གཉེར་སྐྱོང་བྱེད་མཁན་ཁོང་གཉིས་ལས་མེད་པ་དང་། ལས་སྒོ་ཧ་ཅང་ཉུང་ལ་ཡོང་འབབ་ཀྱང་འཚོ་བ་འཕྱིད་ཙམ་ལས་མེད།

    2021ལོར། དོན་གྲུབ་ཚེ་རིང་གིས་དམིགས་བསལ་སྦྱོང་བརྡར་སྒར་སར་སྦྱངས་པའི་ཤེས་བྱ་དང་རྩལ་ནུས་རིམ་བཞིན་བེད་སྤྱོད་ཐུབ་པ་དང་ཆབས་ཅིག ས་གནས་དེ་གའི་སྲིད་གཞུང་གི་རོགས་སྐྱོར་ཤུགས་ཆེན་འོག ལས་མི་མང་དུ་དང་ལས་སྒོའང་རིམ་བཞིན་མང་དུ་ཕྱིན། དོན་གྲུབ་ཚེ་རིང་གིས“ད་ཆ་ཀུང་སིར་ལོ་རེར་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་ཡོང་གི་ཡོད་པ་དང་། ལས་བཟོ་ཡང་ཐོག་མའི་མི་གཉིས་ནས་ད་ལྟའི་མི་བཅུ་ལྷག་ཙམ་བར་མང་དུ་ཕྱིན་ཡོད། ལས་གཏོད་བྱས་མ་ཐག་པའི་སྐབས་སུ་སྲིད་གཞུང་གིས་སློབ་གྲྭ་ཆེ་མོ་བའི་ལས་གཏོད་རོགས་སྐྱོར་མ་དངུལ་སྒོར་ཁྲི་6སྤྲད་པ་དེ་དག་དུས་ཐོག་ཆར་པ་ཞིག་དང་འདྲ་བར་ང་ཚོའི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་ཐག་གཅོད་ཐུབ་སོང་། ལོ་ལྔའི་རིང་། ཁང་གླ་དང་ཆུ་རིན་གློག་རིན་བཅས་ཆག་ཡང་བཏང་བ་དེས་ང་ཚོའི་ཁུར་པོ་ཡང་དུ་ངེས་ཅན་ཕྱིན་སོང”ཞེས་དྲིན་ཚོར་ཆེན་པོས་བཤད།

    མལ་གྲོ་གུང་དཀར་ཀུན་གཏོད་བར་མཐོངས་སུ་སྐྱོད་སྐབས། བོད་ལྗོངས་དབྱངས་གསལ་ཚན་རྩལ་དྲ་རྒྱ་ཚད་ཡོད་འགན་འཁྲི་ཀུང་སིའི་གཞུང་ལས་ཁང་དུ་ལས་བྲེལ་གྱི་རྣམ་པས་ཁེངས་ཤིང་། “ལོ་རབས་90པའི་ནང་སྐྱེས”ཀྱི་དམག་ཞབས་ཐིམ་པའི་དམག་མི་པད་མ་རྒྱལ་པོས་ཁོང་གི་ཚོགས་པའི་སྣེ་ཁྲིད་དེ་ཆུང་བྱིས་པའི་དུས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་ཆབས་ཅིག མི་དེ་བས་མང་བར་འཇོན་ཐང་ངོམ་སའི་གར་སྟེགས་ཤིག་བཏོད་ཡོད།

    ལས་གཏོད་ཀྱི་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་སྐབས་པད་མ་རྒྱལ་པོར་མྱོང་ཚོར་ཟབ་མོ་ཡོད། 2012ལོར་ཁོང་གིས་སེམས་ཤུགས་ཆེན་པོས་ལས་གཏོད་ཀྱི་ལམ་བུར་ཞུགས།

    པད་མ་རྒྱལ་པོས་ལས་གཏོད་ཅི་ཞིག་བྱེད་དགོས་མིན་བསམ་བློ་གཏོང་བའི་སྐབས་སུ་ཕྱི་རོལ་དུ་རྟོག་ཞིབ་བྱེད་བཞིན་པའི་ཁོང་གིས“རིག་ལྡན་གློག་སྤྱོད་བདེ་འཇགས་བདག་གཉེར་བ”ཞེས་བྱེད་རིན་ཆེན་པོ་ཡོད་པའི་རྣམ་གྲངས་དེ་ཤེས་རྟོགས་བྱུང་ནས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་སེམས་ཐག་བཅད།

    མལ་གྲོ་གུང་དཀར་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག ཁོང་མལ་གྲོའི་ཀུན་གཏོད་བར་མཐོངས་སུ་ལས་གཏོད་བྱས་ཤིང་། 2021ལོའི་ལོ་མཇུག་ཏུ་པད་མ་རྒྱལ་པོའི་བོད་ལྗོངས་དབྱངས་གསལ་ཚན་རྩལ་དྲ་རྒྱ་ཚད་ཡོད་འགན་འཁྲི་ཀུང་སི་དངོས་སུ་བཙུགས་ཏེ“རིག་ལྡན་གློག་སྤྱོད་བདེ་འཇགས་བདག་གཉེར་བའི”ཞིབ་འཇུག་གསར་སྤེལ་དང་ཕྱིར་ཚོང་ལ་རྩེ་གཅིག་ཏུ་གཞོལ་བ་རེད། པད་མ་རྒྱལ་པོས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ། “2023ལོའི་ཟླ་5པར། ང་རང་མལ་གྲོ་གུང་དཀར་རྫོང་དུ་ལོག་པ་དང་རྫོང་སྲིད་གཞུང་གིས་ང་ཚོར་རོགས་སྐྱོར་ཧ་ཅང་ཆེན་པོ་བྱས་པ་དཔེར་ན། སྐྱེད་སྲིང་རྟེན་གཞིའི་གཞུང་ལས་ཁང་དང་འགྲེམས་སྟོན་ཁུལ་ཚང་མ་སྲིད་གཞུང་གིས་ང་ཚོར་རིན་མེད་དུ་མཁོ་འདོན་བྱས་པ་ཤ་སྟག་རེད། སྲིད་གཞུང་གི་རྒྱབ་སྐྱོར་དང་སྐུལ་ལྕག་འོག་ང་ཚོར་ལས་སྒོ་མང་པོ་ཞིག་རག་ནས་2024ལོའི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་160ཟིན་ཡོད། རྒྱལ་ཡོངས་ཀྱི་ལས་གཏོད་འགྲན་བསྡུར་ཆེན་པོའི་ཁྲོད་ང་ཚོར་ཀྲུང་གོའི་ལས་གཏོད་གྲགས་ཅན་གྱི་བྱ་དགའ་ཐོབ་བྱུང”ཞེས་བཤད།

    ཏན་ཞིམ་བཟོ་བའི་སྦྱོང་བརྡར་ལ་ཞུགས་པའི་ཐང་སྐྱ་ཤང་མོ་གྲོང་གྲོང་ཚོའི་ཡུལ་མི་སྐལ་བཟང་ཆོས་སྒྲོན་གྱིས་གསར་འགོད་པར། “ལག་རྩལ་སྣ་གཅིག་ཀྱང་ཤེས་ཀྱི་མེད་པས་ཕྱིར་ལས་ཀ་འཚོལ་བར་འགྲོ་སྐབས་དཀའ་ངལ་མང་པོ་འཕྲད་ཀྱི་འདུག སྟབས་ལེགས་པ་ཞིག་ལ་གྲོང་ཚོའི་ནང་ཏན་ཞིམ་བཟོ་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བས། ངས་ལག་རྩལ་ཡག་པོ་སྦྱངས་ནས་སླད་ཕྱིན་ཏན་ཞིམ་ཚོང་ཁང་ཞིག་བཙུགས་ཏེ། རང་ཉིད་སྦྱིན་བདག་ཆགས་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་བཤད།

    མལ་གྲོ་གུང་དཀར་རྫོང་མི་སྤྱི་ཅུས་སྨན་བཅོས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་ཀེ་ཧྥུང་གིས་གསར་འགོད་པར། “མིག་སྔའི་བར། ངེད་ཚོའི་རྫོང་གིས་ཁྲོམ་ར་དང་མང་ཚོགས་ཀྱི་དགོས་མཁོར་དམིགས་ནས་རྩལ་ནུས་གསོ་སྦྱོང་དུས་ཐེངས་20ལྷག་ཙམ་བྱས་པར། ཞིང་འབྲོག་པ་མི་ཐེངས་ཁྲི་1.21ལས་ཞུགས་གཞན་སྒྱུར་ཐུབ་ནས། ཡོང་འབབ་སྒོར་དུང་ཕྱུར་1.27བཏོད་པ་དང་། ‘སྐལ་བཟང་མེ་ཏོག་བཞད’སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་སྦྱོང་བརྡར་སྒར་ས་དང་གཏེར་རིའི་ཁེ་ལས་ཀྱི་འགྲོ་ཕྱོགས་གཏན་འཁེལ་གྱི་མངགས་བཅོལ་སྦྱོང་བརྡར་སོགས་ལས་སྟེགས་སྤྱད་དེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་ཏན་ཏིག་བཏང་བར། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་ཡོད། གཞན་ཡང་། ང་ཚོའི་རྫོང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་ཀྱི་ལས་ཞུགས་གོ་སྐབས་ལ་དམ་འཛིན་བྱས་ནས། མི་ཐེངས་ཁྲི་1.3ལྷག་ཙམ་ལས་ཞུགས་ཐུབ་པར་བྱས་པར། ངལ་ནུས་ཡོང་འབབ་སྒོར་ཁྲི་330ལྷག་ཙམ་བྱུང་ཡོད། དེ་དང་ཆབས་ཅིག ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པར་དམ་དུ་དམིགས་པ་དང་ལས་གྲྭ་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། ངལ་རྩོལ་པ་དང་མ་རྩའི་དབར་གྱི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་བས། རིམ་རྩིས་བརྒྱབ་ན། ངལ་རྩོལ་འགན་སྲུང་ལྟ་ཞིབ་ཞུ་གཏུག་གི་གྱོད་གཞི་ཁག་450ལྷག་ཙམ་བདག་སྤྲོད་བྱས་ཏེ། ཞིང་པ་ལས་མི་1500ལྷག་ཙམ་ལ་ངལ་རྩོལ་གླ་ཆ་སྒོར་ཁྲི་2600ལྷག་ཙམ་ལེན་རོགས་བྱས་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།