2024ལོར་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གསར་པ་བྱུང་བ།
སྒོར་དུང་ཕྱུར་30.86བཏང་ནས་སློབ་གྲྭ་འཛུགས་སྐྲུན་གྱི་རྣམ་གྲངས་ཁག་156ལག་བསྟར་བྱས་པ།
ཉེ་ཆར། གསར་འགོད་པས་2025ལོའི་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 2024ལོར་རང་ལྗོངས་ཀྱིས་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་30.86བཏང་ནས་སློབ་གྲྭ་འཛུགས་སྐྲུན་གྱི་རྣམ་གྲངས་ཁག་156ལག་བསྟར་བྱས་ཏེ་རྨང་གཞིའི་སློབ་གསོ་དང་། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་བཅས་ལ་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་བཏང་བས། མ་འཇོག་འགན་ལེན་ནུས་ལྡན་དང་སློབ་གསོའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།
རྨང་གཞིའི་སློབ་གསོར་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། 2024ལོར་རང་ལྗོངས་ཀྱི་སློབ་གསོའི“འགན་ལེན་གསུམ”གྱི་ལོ་རེའི་སློབ་མའི་ཆ་སྙོམས་ཀྱི་གྲོན་དངུལ་ཚད་གཞི་སླར་ཡང་སྒོར་90མཐོ་རུ་བཏང་བས། ལོ་རེའི་སློབ་མའི་ཆ་སྙོམས་ཚད་གཞི་སྒོར་5620(རྒྱལ་ཁབ་ཀྱི་འཚོ་བཅུད་ཟས་ཀྱི་འཆར་གཞིའི་སྒོར་1000ཚུད་པ)ཟིན་པ་དང་། “འགན་ལེན་གསུམ”གྱི་གྲོན་དངུལ་སྒོར་དུང་ཕྱུར་32.46བཀོད་སྒྲིག་དོན་འཁྱོལ་བྱས་པ་ལས་སློབ་མ་ཁྲི་71.43ལ་ཕན་པ་ཐོབ་ཡོད་པ་རེད། སློབ་གྲྭ་2253ལ་སྐད་ཡིག་ཚད་ལོན་འཛུགས་སྐྱོང་ལེགས་གྲུབ་བྱུང་བ་དང་། སློབ་གྲྭ་5ལ་2024ལོའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་པ། རྨང་གཞིའི་སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་དང་། དམིགས་བསལ་སློབ་གསོའི་སྒྱུར་བཅོས། བུ་བཅོལ་ཁང་གི་སྲུང་སྐྱོང་སློབ་གསོའི་སྤུས་ཚད་མཐོར་གཏོང་སོགས་རྒྱལ་ཁབ་རིམ་པའི་ཚོད་ལྟའི་ཁུལ་ཁག་9འཛུགས་གཏོད་བྱས་པ་དང་། ལྷུན་གྲུབ་སོགས་རྫོང(ཆུས)16ལ་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་ཀུན་ཕན་རྫོང་གི་རྒྱལ་ཁབ་ཀྱི་དཔྱད་དཔོག་ངོས་འཛིན་ཐོབ་པ་དང་། རྫོང(ཆུས)3གྱིས་འོས་འགན་སློབ་གསོའི་སྤུས་ལེགས་དོ་སྙོམས་ཀྱི་རང་སྐྱོང་ལྗོངས་ཀྱི་དཔྱད་དཔོག་ལེགས་སྒྲུབ་བྱས་པ་རེད།
ལས་རིགས་སློབ་གསོ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། འབྲིང་རིམ་ལས་རིགས་སློབ་གྲྭ་དང་ཁེ་ལས་ཚན་པའི་དབར་གྱི་མཉམ་ལས་ཀྱི་ཆེད་ལས་ཁྱབ་ཚད་100%ཟིན་ཡོད། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི“བཅུ་བརྒྱ་སྟོང”གི་འཆར་གཞི་ལག་བསྟར་མཐའ་འཁྱོངས་བྱས་པས། སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་ལོ་བདུན་བསྟུད་མར་ལྗོངས་ཡོངས་ཀྱི་མཐོ་སློབ་ཀྱི་མདུན་གྲལ་དུ་སླེབས་ཡོད། བོད་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་ལས་སློབ་གྲྭས“1+X”ཁེ་ལས་ཀྱི་དྲ་རྒྱའི་བདེ་འཇགས་འགོག་སྲུང་ལས་རིགས་ནུས་པ་རིམ་པའི་ལག་ཁྱེར་ཚོད་ལྟའི་ལས་དོན་སྤེལ་བས། སློབ་མ་བཅུ་གྲངས་ལ་ལག་ཁྱེར་རག་ཡོད་པ་རེད། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་ཆེད་ཚན་དངོས་གཞིར་སྤོར་བའི་དཔྱད་དཔོག་ཐོབ་པ་དང་། སློབ་ཞུགས་གོང་གི་སློབ་གསོའི་ཆེད་ལས་ལ་དགེ་འོས་ཆེད་ལས་ཀྱི་རིམ་པ་གཉིས་པའི་བདེན་དཔང་ར་སྤྲོད་ཐོབ་པ། དངོས་སྦྱོང་རྟེན་གཞི་13གསར་དུ་བསྣན་པ། ལོ་འདི་གའི་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ཁ་ཕྱོགས་དོན་འཁྱོལ་བྱེད་ཚད་97%ཡན་ཟིན་ཡོད།
མཐོ་རིམ་སློབ་གསོ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། བོད་ལྗོངས་སློབ་ཆེན་གྱི་སྐྱེ་ཁམས་རིག་པའི“རྩེར་སོན་རིག་ཚན”འཛུགས་སྐྱོང་ལ་རྒྱལ་ཁབ་ཀྱི“རྩེར་སོན་གཉིས”ཀྱི་རེས་སྐོར་དང་པོའི་བཅོས་སྒྲིག་དཔྱད་དཔོག་ཐུབ་པ་དང་། རེས་སྐོར་གཉིས་པའི་དུས་འབྲིང་གི་དཔྱད་དཔོག་ལེགས་གྲུབ་བྱུང་བ། མཆོག་རམས་པའི་ཚན་ཞིབ་འཁོར་སྐྱོད་ས་ཚིགས་ལ་ཆོག་མཆན་ཐོབ་ཡོད་པ་རེད། བོད་ལྗོངས་མི་རིགས་སློབ་ཆེན་གྱི་བློ་འདྲིའི་གྲུབ་འབྲས་ཁག་21དང་ལེན་དང་བཀོལ་སྤྱོད་བྱ་རྒྱུའི་མཆན་བཀོད་མཛུབ་སྟོན་ཐོབ་པ་དང་། མར་ཁེ་སི་རིང་ལུགས་སློབ་གླིང་རྒྱལ་ཡོངས་ཀྱི་མར་ཁེ་སི་རིང་ལུགས་སློབ་གླིང་གཙོ་གནད་སྐྱེད་སྲིང་ཚན་པར་བདམས་པ་རེད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས《དཔལ་ལྡན་རྒྱུད་བཞིའི》ཞིབ་འཇུག་ཁང་བཙུགས་ནས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། བོད་ལྗོངས་ཞིང་འབྲོག་སློབ་གླིང་འབུམ་རམས་པའི་དབང་སྐུར་ཚན་པར་གྱུར་ནས་གྲོང་གསེབ་དར་རྒྱས་ཞིབ་འཇུག་ཁང་བཙུགས་ཏེ“ཚན་རྩལ་སློབ་གླིང་ཆུང་ངུ”འདེགས་སྐྱོར་དུ་བྱས་པའི་ཆེད་ལས་རབ་འབྱམས་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་སྟངས་སྒྱུར་བཅོས་ཁྱབ་གདལ་བཏང་ཡོད་པ་རེད།