ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིའི་ལས་མི་བསྡུ་བའི་བྱེད་སྒོར་ཞུགས་པ།
ཉེ་ཆར། ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་100ལྷག་ཙམ་ཁྲེང་ཏུའུ་གྲོང་ཁྱེར་དུ་ལྗོངས་ཕྱིའི་ལས་མི་བསྡུ་བའི་བྱེད་སྒོར་ཞུགས་ཤིང་། མཐོ་སློབ་སློབ་ཐོན་སློབ་མ་93%དང་ཁྲེང་ཏུའི་གྲགས་ཅན་ཁེ་ལས་དབར་ངལ་རྩོལ་གན་རྒྱ་བཞག་ཡོད།
ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་དང་དེ་བཞིན་སྒྲུབ་རོགས་བྱེད་མཁན་ཕྱོགས་ཀྱིས་དུས་འགོའི་གྲ་སྒྲིག་ཨང་བསར་དང་འབྲེལ་གཏུག་དམ་ཟབ་བྱས་པ་བརྒྱུད། ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་གི་ཡིད་རྟོན་གཱ་ལྟེ་གནས་དང་། ཀྲེང་ཧྭ་གློག་འཕྲིན། སི་ཁྲོན་ཁྲང་ཧུང་། ཀྲུང་ཞུས་ཚོགས་པ་སོགས་གཞུང་ཁོངས་ཁེ་ལས་དང་ཁྲོམ་ཞུགས་ཀུང་སི་10ལྷག་ཙམ་ད་ཐེངས་ཀྱི་ལས་མི་བསྡུ་བའི་ས་ཡུལ་དངོས་སུ་བདེ་བླག་ངང་གདན་ཞུ་ཐུབ་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཁེ་ལས་ཁག་དེ་དག་གིས་རྒྱུ་ནོར་དོ་དམ་པ་དང་། གཞུང་དོན་ཡིག་གཉེར་བ། སྐུ་མགྲོན་ཞབས་ཞུ་ཆེད་བསྐོས་པ། པར་རིས་ཞིབ་བཤེར་ཆེད་མི། སྤུས་ཚད་ཞིབ་བཤེར་བ་སོགས་ལས་ཞུགས་ལས་གནས་རྩེ་གྲ་400ལྷག་ཙམ་མཁོ་འདོན་བྱས་ཡོད།
མཐོ་སློབ་སློབ་ཐོན་སློབ་མས་ལས་ཞུགས་ལས་གནས་འདེམས་པར་སྟབས་བདེ་སྐྲུན་ཆེད། ཁེ་ལས་ཁག་གི་འགན་འཁུར་བས་སྔ་རྗེས་སུ་རང་རང་གི་ཁེ་ལས་དང་འབྲེལ་ཡོད་ལས་གནས་ཀྱི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། ཁེ་ལས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། མཐོ་སློབ་སློབ་ཐོན་སློབ་མ་དང་ཁོང་ཚོའི་བློར་བབས་པའི་ཁེ་ལས་དབར་ཕན་ཚུན་སྤེལ་རེས་གཏིང་ཟབ་བྱས་ཤིང་། ཁེ་ལས་ཀྱི་ལས་མི་བསྡུ་བའི་འགན་འཁུར་བས་ངང་རྒྱུད་རིང་པོས་ལན་བཏབ་ནས་དོགས་གཞི་བསལ་བ་དང་། ཁེ་ལས་ཀྱི་རིག་གནས་དང་། ལས་གནས་ཀྱི་དགོས་མཁོ། གླ་ཕོགས་ཐོབ་ཐང་། འཕེལ་རྒྱས་ཀྱི་མདུན་ལམ་བཅས་ངོ་སྤྲོད་ཞིབ་ཕྲ་བྱས་པ་མ་ཟད། འདོད་མོས་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མར་ཐོག་མའི་འདེམས་སྒྲུག་དང་ཚོད་སྐོར་ཡང་བྱས་པ་རེད།
རི་བོ་ཆེ་རྫོང་ནས་ཡོང་བའི་མཐོ་སློབ་སློབ་ཐོན་སློབ་མ་བསྟན་འཛིན་ཆོས་ལྡན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“ད་རེས་ངས་ལྟ་ཚོད་བྱེད་བསམས་ནས་ཞུགས་པ་ཡིན། གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་ལྗོངས་ཕྱིའི་ལས་མི་བསྡུ་བའི་འདུ་ཚོགས་ཀྱིས་ང་ཚོར་ལས་གནས་མང་པོ་དེ་འདྲ་མཁོ་འདོན་བྱས་ཡོང་བསམ་པ་མ་བྱུང་། ངས་ད་རེས་ཀྱི་གོ་སྐབས་ལ་དམ་འཛིན་ཡག་པོ་བྱེད་ངེས་ཡིན”ཞེས་བཤད།