དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་ཤུགས་སྣོན་རྒྱུན་མཐུད་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-03

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་བྱ་ཐབས་ལེགས་སུ་གཏོང་བ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་ཤུགས་སྣོན་རྒྱག་པ། ནག་ཆུ་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་སློབ་ཐོན་སློབ་མ་དེ་བས་མང་བར་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་ཐུབ་པར་བྱས་པ་རེད།

    《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར(ཚོད་ལྟའི་ལག་བསྟར)》བཟོས་ནས། ནག་ཆུ་གྲོང་ཁྱེར་གྱི་ལས་གཏོད་ཁ་གསབ་དང་། ལྗོངས་ནང་ཁུལ་གྱི་ཁྲོམ་རའི་ལས་ཞུགས་ཁ་གསབ། ལྗོངས་ཕྱིའི་ལས་ཞུགས་ཁ་གསབ་སོགས་ཀྱི་སྲིད་ཇུས་བཏོན་ཡོད། 2017ལོ་ཚུན། རིམ་རྩིས་བརྒྱབ་ན་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་4.51དོན་འཁྱོལ་བྱས་པར་མི་ཐེངས་19972ལ་ཕན་པ་ཐོབ་ཡོད་པ་རེད།

    ལྗོངས་ཕྱི་ནང་གི་ལས་ཞུགས་ལས་གནས་དང་འབྲེལ་མཐུད་ཧུར་ཐག་གིས་ལས་ཞུགས་ཞབས་ཞུའི་ལས་སྟེགས་བཙུགས་ནས། ཚོགས་སྒྲིག་རྣམ་པའི་ལྗོངས་ཕྱིའི་ལས་ཞུགས་རྟེན་གཞི་4དང་ལས་ཞུགས་ཞབས་ཞུའི་འབྲེལ་གཏུག་ས་ཚིགས་5(གྲོང་ཁྱེར་སྲིད་གཞུང་གིས་ཀྲེ་ཅང་དང་ལེའོ་ཉིང་དུ་2བཙུགས་པ་དང་། གསེར་རྙེད་ཆུས་ཀྱིས་ཅཱ་ཤིང་དང་ཧང་ཀྲོའུ་རུ་2བཙུགས་པ། ལྷ་རི་རྫོང་གིས་ཐའེ་ཀྲོའུ་རུ་1བཙུགས་པ)བཙུགས་ཤིང་། གྲོང་ཁྱེར་ཡོངས་ཀྱིས་དྲ་ཐོག་དང་དྲ་ཕྱིའི་ལས་བསྡུའི་ཚོགས་འདུ་ཁྱོན་ཐེངས་218འཚོགས་ཏེ་ལས་ཞུགས་ལས་གནས་ཁྲི་4.3ལྷག་ཙམ་མཁོ་འདོན་བྱས་ཡོད། འཕྲོད་བསྟེན་བདེ་ཐང་དང་། སྨན་བཅོས་འགན་བཅོལ། བསྡོམས་རྩིས། སྤྱི་བདེ་སོགས་སྲིད་གཞུང་གིས་ཉོས་པའི་ལས་གནས་1200ལྷག་ཙམ་སྔོག་འདོན་དང་གསར་སྤེལ་གང་ལེགས་བྱས་པ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལ་བརྟེན་ནས་མི་305ལས་ཞུགས་ཐུབ་པ་དང་ཡོང་འབབ་སྒོར་ཁྲི་2000ལྷག་ཙམ་འབབ་པར་སྐུལ་ཁྲིད་བྱས་པ་རེད།

    “སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། ལས་རིགས་སློབ་གྲྭས་གཞོགས་འདེགས་བྱེད་པ། ཁེ་ལས་ཞུགས་པ”བཅས་ཀྱི་རྩལ་ནུས་གསོ་སྦྱོང་མ་ལག་བསྐྲུན་ཡོད། 2023ལོ་ཚུན། གྲོང་ཁྱེར་རིམ་པའི་ངོས་ནས་གསོ་སྦྱོང་ལ་གྲོན་དངུལ་སྒོར་ཁྲི་365.6བཏང་ནས། མཐོ་སློབ་སློབ་ཐོན་སློབ་མ་634ལ་རྩལ་ནུས་གསོ་སྦྱོང་དུས་ཐེངས་8བྱས་ཏེ་མི་417ལས་ཞུགས་ཐུབ་ཡོད། 《ནག་ཆུ་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་དེ་བས་ཡག་པོ་ཐུབ་པར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》བཟོས་ནས། གྲོང་ཨུད་རྩ་འཛུགས་པུའུ་དང་། གྲོང་ཁྱེར་ནོར་སྲིད་ཅུས། མི་སྤྱི་ཅུས། གྲོང་ཁྱེར་ལས་རིགས་སློབ་གྲྭ་བཅས་ཀྱིས་མཉམ་དུ་མཐོ་སློབ་སློབ་ཐོན་སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོར་གཏོང་གསོ་སྦྱོང་བྱས་ནས། ཁྱོན་མི་633ལ་གསོ་སྦྱོང་བྱས་པ་དང་མི་433ལས་ཞུགས་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།