བོད་ལྗོངས་མཚོ་སྨད་རྫོང་གིས་མང་ཚོགས་ཚོས་ཁྱིམ་གྱི་སྒོ་རྩར་སྨན་བཅོས་ཞབས་ཞུ་སྤུས་ལེགས་ལོངས་སྤྱོད་ཐུབ་པར་བྱས་པ།
“ཨ་ཅག་ཁྱེད་ཀྱི་ཁྲག་ཤེད་མཐོ་ཤོས་145དང་དམའ་ཤོས་95ཡིན་པས་ཅུང་མཐོ་ཙམ་འདུག ཉིན་འདི་དག་རིང་ངལ་གསོ་མང་ཙམ་རྒྱག་པ་དང་། ཁ་ལག་ཞག་ཚི་ཉུང་བ། སེམས་པ་སྐྱིད་པོ་དགོས་པ། དུས་ཐོག་ཏུ་སྨན་གཏོང་བ་བཅས་བྱེད་དགོས”ཞེས་སྨན་པ་བདེ་སྐྱིད་ལྷ་མོས་པད་མ་གཡང་འཛོམས་ལ་དོ་སྣང་བྱེད་དགོས་པའི་དོན་ཚན་འགའ་ངང་རྒྱུད་རིང་པོས་བཤད།
བགྲེས་སོང་པད་མ་གཡང་འཛོམས་ཀྱི་གན་འཇོག་ཁྱིམ་ཚང་སྨན་པ་བདེ་སྐྱིད་ལྷ་མོས་ཁོང་ལ་སྨན་གཏོང་སྟངས་དང་། བདེ་ཐང་བློ་འདྲི། དུས་ལྟར་རྗེས་སྙེག་བཅར་འདྲི་སོགས་ཀྱི་ཞབས་འདེགས་ཞུ་གི་ཡོད་ཅིང་། དེ་ནི་བོད་རང་སྐྱོང་ལྗོངས་མཚོ་སྨད་རྫོང་གི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་བསྡུས་རིས་ཤིག་རེད།
ཉེ་བའི་ལོ་ཤས་རིང་། མཚོ་སྨད་རྫོང་གིས་དམངས་འཚོའི་དོ་ཁུར་ལ་དམ་པོར་དམིགས་ཏེ། སྨན་བཅོས་ཞབས་ཞུ་ལེགས་སུ་གཏོང་བའི་ཐད་ཐབས་ཤེས་འཚོལ་བ་དང་། བྱ་བ་དངོས་སྒྲུབ་པ། དམངས་ཀྱི་སེམས་ཁྲལ་སེལ་གང་ཐུབ་བཅས་བྱས་ནས“མི་སེར་ལ་ཕན་འདོགས་རྒྱུ”འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་སེམས་ནུས་ཡོད་རྒུས་བྱ་བ་དངོས་བསྒྲུབས་ཏེ་མང་ཚོགས་ལ་བདེ་ཐང་གི“སྲུང་གདུགས”ཤིག་ཕུབ་ཡོད།
མང་ཚོགས་ལ་ཕྱོགས་ཡོངས་དང་འཁོར་ཡུན་ཧྲིལ་པོའི་བདེ་ཐང་འགན་སྲུང་རྒྱུན་མཐུད་ངང་ཡག་པོ་སྒྲུབ་པ་དང་། ནད་ཡམས་སྔོན་འགོག་ཚོད་འཛིན་དང་མ་བུ་འཕྲོད་སྦྱོར་སོགས་ཀྱི་ལས་ཁུངས་ཀྱི་ནུས་པ་གང་ལེགས་འདོན་པ། “རྒན་གཅིག་གཞོན་གཅིག”སོགས་གཙོ་གནད་ཚོགས་སྤྱིར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མཁོ་སྤྲོད་འགན་ལེན་བྱས་ཡོད།
2024ལོར། མང་ཚོགས་གཟུགས་པོ་བརྟག་དཔྱད་བྱེད་མཁན་11282ཟིན་ནས་གཟུགས་པོ་བརྟག་དཔྱད་བྱེད་ཚད་92.9%ཟིན་པ་དང་། ཁྲག་ཤེད་མཐོ་བའི་ནད་པ་755ལ་ཞབས་འདེགས་ཞུས་པ། ཐུམ་འབུའི་ནད་དང་། གྲུམ་བུ་ཚིགས་ཆེན་གྱི་ནད། ལྷན་སྐྱེས་སྙིང་ནད། སྐྱ་གྲིབ། “འབྲས་སྐྲན་གཉིས”སོགས་ཀྱི་ནད་གཞི་དབྱེ་བཤེར་དང་། དྲིལ་བསྒྲགས་སློབ་གསོ། འགོག་བཅོས་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་ནུ་མའི་འབྲས་སྐྲན་དང་མངལ་སྐེའི་འབྲས་སྐྲན་གྱི“འབྲས་སྐྲན་གཉིས”མི་763ལ་དབྱེ་བཤེར་བྱས་པ། སྐྱ་གྲིབ་གཤགས་བཅོས་ཐེངས་10བྱས་པ་བཅས་རེད།
མཚོ་སྨད་རྫོང་གིས་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་དེ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་ཐབས་ལམ་དུ་བརྩིས་ནས་ཁྱིམ་ཚང་སྨན་པའི་ཞབས་ཞུའི་ཚོགས་པ་བཙུགས་ཏེ་ཐོག་མའི་སྨན་བཅོས་ཀྱི་གན་འཇོག་ནས་འགོ་བཙུགས་ཏེ་ཁྱིམ་ཚང་སྨན་པའི་ཞབས་ཞུའི་བརྒྱུད་རིམ་ལེགས་སུ་བཏང་བ་དང་། “མངགས་ཐོ་འདེམས་ནས”སྒོ་རྩར་སྔོན་མངགས་ཁྱབ་གདལ་བཏང་སྟེ་ཁྱིམ་ཚང་སྨན་པས་སྟབས་བདེའི་ཁྲག་ཤེད་དང་ཁྲག་མངར་འཇལ་ཆས་སོགས་གཟུགས་པོ་བརྟག་དཔྱད་ཀྱི་སྒྲིག་ཆས་ཁྱེར་ཏེ་ཚོགས་ཆུང་དབྱེ་བ་དང་། དུས་མཚམས་དབྱེ་བ། དྲ་མིག་རྣམ་པ་བཅས་ལ་བརྟེན་ནས་ཁོངས་གཏོགས་ཁུལ་དུ་འགུལ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་དང་དབང་པོ་སྐྱོན་ཅན་ལ་རིན་མེད་ངང་དུད་ཚང་དུ་བསྐྱོད་དེ་གཟུགས་པོ་བརྟག་དཔྱད་བྱེད་པ་དང་། མི་ཚོགས་མི་འདྲ་བའི་བདེ་ཐང་གནས་ཚུལ་ལ་དམིགས་ནས་སྟབས་བསྟུན་གྱི་བདེ་ཐང་དོ་དམ་ཇུས་གཞི་བཟོས་ཏེ། མང་ཚོགས་ཁྱིམ་ནས་དོན་མ་དགོས་པར་རིགས་གཅིག་མཁས་ཅན་གྱིས་འདྲི་བརྟག་བྱེད་མཁན་ཡོད་པར་བྱས་ཏེ་ཁྱིམ་ཚང་སྨན་པའི་གན་འཇོག་བྱེད་ཚད་100%ཟིན་ཡོད།
སྨན་བཅོས་དང་སྨན་སྦྱིན་གྱི་སྐོར་སྐྱོད་སྨན་བཅོས་ཞབས་ཞུ་རྒྱུན་མཐུད་ལེགས་པར་བསྒྲུབས་ཤིང་། མི་སྣ་སྒྲིག་འཛུགས་བྱས་ནས་གྲོང་ཚོའི(སྡེ་ཁུལ)འཕྲོད་བསྟེན་ཁང་གི་སྨན་རྫས་དང་མང་ཚོགས་ཀྱི་དགོས་མཁོ་ཆ་འགྲིག་ཚད་དང་སྨན་རྫས་སྣ་ཚོགས་སྤྱོད་ཡུན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པའི་རྨང་གཞིའི་ཐོག མང་ཚོགས་ཀྱིས་བཏོན་པའི་སྨན་རྫས་དཀར་ཆག་ལ་དམིགས་ཏེ་དུས་ཐོག་ཏུ་སྙོམས་སྒྲིག་འོས་འཚམ་བྱས་ནས་མང་ཚོགས་ཀྱི་སྨན་པ་བསྟེན་པའི་དགོས་མཁོ་སྐོང་གི་ཡོད། སྨན་བཅོས་རྐང་འཛིན་པ་སྒྲིག་འཛུགས་བྱས་ནས་དུས་བཀག་ལྟར་སྐོར་སྐྱོད་སྨན་བཅོས་ཀྱི་ཞབས་འདེགས་ཞུས་ཏེ་མང་ཚོགས་ཚོས་ཁྱིམ་གྱི་སྒོ་རྩར་ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྨད་རྫོང་གིས་ལོ་ལྟར་སྒོར་ཁྲི་10ལྷག་ཙམ་བཏང་ནས་རིན་མེད་སྨན་བཅོས་དང་སྨན་སྦྱིན་གྱི་སྐོར་སྐྱོད་སྨན་བཅོས་ཀྱི་ཞབས་འདེགས་ཞུ་གི་ཡོད།
སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་པའི་འཕྲོད་བསྟེན་གྱི་རིམས་འགོག་དང་འགོས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ནན་པོ་བྱེད་པ། འགོས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བ་དང་འཕྲལ་སྡོམ་ཐག་གཅོད་ཧུར་ཐག་བྱེད་པ། རིམས་འགོག་འཆར་འགོད་ཀྱི་ལས་འགན་དོན་འཁྱོལ་བྱེད་པ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་བརྟན་པོའི་ངང་འཕེལ་རྒྱས་གཏོང་བ། རིམས་འགོག་སྲུང་བཅད་བརྟན་པོ་སྐྲུན་པ་བཅས་བྱས་ཤིང་། 2024ལོར་བྱིས་པ་2550ལ་གཞི་རྩའི་རིམས་འགོག་སྨན་ཁབ་བརྒྱབ་པར་སྨན་ཁབ་རྒྱག་ཚད་90%ཡན་ཟིན་ཡོད།
དྲ་ཐོག་དང་དྲ་ཕྱིར་དྲིལ་བསྒྲགས་བྱས་ནས་བདེ་ཐང་ཤེས་བྱ་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཤིང་། དྲ་ཐོག་ཏུ“དྲ་འཕྲིན་མཚོ་སྨད”དང“མཚོ་སྨད་ཀྱི་མཉམ་འདྲེས་སྨྱན་སྦྱོར”གྱི་འཕྲལ་སྡོམ་རླུང་འཕྲིན་སོགས་སྨྱན་སྦྱོར་ལས་སྟེགས་ལ་བརྟེན་ནས་སྤྱི་ཚོགས་ལ་སྨན་བཅོས་ཀྱི་དམངས་ཕན་དམངས་བདེའི་སྲིད་ཇུས་ཀྱི་ཤེས་བྱ་དྲིལ་བསྒྲགས་རྒྱ་ཁྱབ་དང་། དྲ་ཕྱིར་བདེ་ཐང་གི་སློབ་ཁང་ཆེ་མོ་དང་། བདེ་ཐང་ཤེས་བྱ་སློབ་གྲྭར་དྲིལ་བསྒྲགས། བདེ་ཐང་གི་འོས་འགན་སྨན་བཅོས་སོགས་ཀྱི་བྱེད་སྒོ་གཉེར་བ་བརྒྱུད་དམངས་ཕན་སྲིད་ཇུས་དང་། བདེ་ཐང་ཤེས་བྱ། བདེ་ཐང་ཞབས་ཞུ་བཅས་མང་ཚོགས་ཁྲོད་ཁྱབ་པར་བྱས་ཡོད། མིག་སྔའི་བར། རིམ་རྩིས་བརྒྱབ་ན་བྱེད་སྒོ་སྣ་ཚོགས་ཐེངས་15སྤེལ་ནས་མང་ཚོགས་མི་ཐེངས་ཁྲི་1.1ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད་པ་རེད།