བོད་ཀྱི་བྱང་ཐང་ནས་འཕྱུར་བའི་ལོ་ཆུང་བྱིས་པའི་རོལ་དབྱངས་འཛིན་གྲྭ་ཞིག་གི་གཏམ་རྒྱུད་སྙན་མོ།
ཟླ་12ཚེས་9ཉིན་གྱི་མཚན་མོར་ནག་ཆུ་གྲོང་ཁྱེར་དུ་ད་ལོའི་དགུན་གྱི་ཁ་བ་ད་དུང་ཡང་འབབ་མེད་ཅིང་། གྲང་ངར་ཆེ་བའི་རླུང་བུ་གྲོང་ཁྱེར་གྱི་ཐོག་བརྩེགས་ཁང་ཆེན་གྱི་སྲུབས་ཀ་ནས་ཀྱང་སྙིང་རྗེ་སྤུ་ཙམ་མེད་པའི་ཐོག་སྐྱེ་བོའི་ངོ་གདོང་དང་ལུས་ཐོག་ལ་འུར་འུར་ལྡང་།
ནག་ཆུ་གྲོང་ཁྱེར་རུ་ཡོད་པའི་ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་ནང་སློབ་མ་ཚོས་ངོ་གདོང་ཕྱེད་ཀ་སློབ་གོས་དམར་པོའི་གོང་བའི་ནང་བཅུག་ནས་གྲང་རླུང་ངར་མོའི་ཁྲོད་དཀའ་ཚེགས་ཆེན་པོས་སློབ་གྲྭའི་ཟ་ཁང་ཕྱོགས་སུ་གོམ་པ་རེ་རེ་སྤོས་ཏེ་བསྐྱོད།
སློབ་ཚན་གྲོལ་མ་ཐག་པའི་23ལོའི་མི་རིགས་རོལ་དབྱངས་དང་ཞབས་བྲོ་འཛིན་གྲྭའི་སློབ་མ་དགུ་པོ་ཡང་རོལ་དབྱངས་སྦྱོང་བརྡར་ཁང་ནས་ཅ་ཅོ་འུར་ཟིང་གིས་མི་ཚོགས་ཀྱི་ཁྲོད་དུ་ཕྱིན།
འདི་ནི་དགེ་སློབ་ཚོ་ནང་སྦྱོང་བྱེད་བཞིན་ཡོད་པ།
དོ་དགོང་གི་སློབ་གྲྭའི་དགོང་ཟས་ནི་ཕིང་ཤ་དང་ཀྲིང་མོག་ཡིན་ཞིང “ང་ཚོས་ཟ་མ་མང་ཉུང་ག་ཚོད་བཟས་ཀྱང་འགྲིག་འོན་ཀྱང་འཕྲོ་བརླག་བཏང་མི་ཆོག”ཅེས་སྐལ་བཟང་དབང་ཕྱུག་གིས་ཁ་ནང་དུ་མོག་མོག་ཅིག་བླུགས་ཞོར་དུ་ཡང“གཟའ་ལྷག་པའི་དགོང་མོར་ད་དུང་ཞོ་ཡང་ལྡག་ཆོག”ཅེས་ཁོ་པའི་དམར་ཆུང་གི་མཁུར་ཚོས་ལས་འཛུམ་མདངས་འཕྱུར་བཞིན་གསར་འགོད་པར་དེ་ལྟར་བཤད།
ཟླ་ཕྱེད་ཙམ་གྱི་སྔོན་དུ་སྐལ་བཟང་དབང་ཕྱུག་དང་ནོར་བུས་སློབ་གྲྭའི་ཉལ་ཁང་ནང་མཉམ་ལེན་བྱས་པའི་གླུ་གཞས《ཉི་མ་ནུབ་ཁའི་བརྩེ་བ》ཞེས་པ་དེ་དྲ་ལམ་ཐོག་སྐད་གྲགས་ཆོད་དེ་མི་མང་པོའི་དོ་སྣང་བྱུང་ཡོད། ཐ་ན་གཞས་དེའི་ཐོག་མའི་གླུ་པ་བཀའ་སྡོད་སྐྱབས་ཀྱི་དགའ་རྟགས་ཀྱང་ཐོབ་སྟེ“དངོས་གནས་སྙན་པོ་བཏང་སོང”ཞེས་བསྔགས་བརྗོད་བྱས་ཡོད་པ་རེད།
ཁོ་ཚོ་ནི་བོད་བྱང་ཐང་གི་ལོ་ཆུང་རོལ་དབྱངས་འཛིན་གྲྭའི་ཁོངས་མི་ཡིན་པ་རེད།
སློབ་མ་ཚོར་དོ་སྣང་བྱེད་མཁན་མང་ཞིང་ཁོང་ཚོའི་མ་འོངས་ལ་རེ་བ་ཞིག་སྦྱིན།
ཁང་པའི་ཕྱི་རོལ་གྱི་གྲང་ངར་དང་བསྡུར་ཚེ་ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་ནང་མཛེས་རྒྱན་ལེགས་ཤིང་དྲོད་སྙོམས་སྒྲིག་ཆས་ཡོད་པའི་རོལ་དབྱངས་སྦྱོང་བརྡར་ཁང་དེ་ཚ་སོབ་བེར་ཡོད་པ་རེད།
ད་ལོ་ལོ་23ཡིན་པའི་རོལ་དབྱངས་དགེ་རྒན་ཚེ་བརྟན་དཔལ་འབྱོར་གྱིས་བྲེལ་འཚུབ་ཆེན་པོས་རང་གི་སློབ་མ་དགུ་པོར་ལེ་ཚན་གསར་པ་ཞིག་ནང་སྦྱོང་བྱེད་བཞིན་ཡོད།
ཆ་སྙོམས་ལོ་ཚད་དེ་ལོ་14ཙམ་ལས་མེད་པའི་སློབ་མ་དེ་དག་གིས་རོལ་ཆའི་རྨང་གཞི་ནས་འགོ་ཚུགས་ཏེ་སློབ་སྦྱོང་བྱེད་ཡུན་ལོ་གཅིག་ཙམ་ལས་སོང་མེད་ཀྱང་ཁོ་ཚོ་གསར་འགོད་པའི་བརྙན་ཤེལ་མདུན་དུ་དངངས་སྐྲགདང་འཚབ་འཚུབ་ཀྱི་རྣམ་འགྱུར་རྩ་བ་ནས་མི་འདུག
ཁང་པའི་ཕྱི་རོལ་དུ་རླུང་བུ་འུར་འུར་ལྡང་ཡང་དགེ་སློབ་ཚོའི་མཉམ་དཀྲོལ་རོལ་དབྱངས་ཀྱིས་སློབ་ཁང་ཡོངས་སྤྲོ་བས་ཁེངས།
ཁོང་ཚོ་ནི་སྐད་ངག་སྙན་པའི་བོད་བྱང་ཐང་གི་འབྲོག་པའི་བུ་ཕྲུག་ཤ་སྟག་ཡིན་ཞིང་། རོལ་ཚོགས་དེའི་ནང་པད་མ་གཡུ་སྒྲོན་དང་། བློ་བཟང་ཆོས་དབྱིངས། རིན་ཆེན་ཚེ་རིང་བཅས་ཀྱིས་སྒྲ་སྙན་གཏོང་ལེན་བྱེད་པ་དང་། སྐལ་བཟང་དབང་ཕྱུག་དང་འཕྲིན་ལས་ཀུན་ཁྱབ་ཀྱིས་ལག་ཏུ་སྨར་ཁམས་ཀྱི་པི་ཝང་ཐོགས་པ། ནོར་བུ་ནི་ཀི་ཐར་གཏོང་མཁན་བཅས་ཡིན་པ་རེད། རོལ་ཆ་དཀྲོལ་གཏོང་མཁན་གྱི་རྒྱབ་ཏུ་ལྷ་དབང་ཚེ་རིང་དང་། ཚེ་དབང་བཀྲ་ཤིས། ནོར་བུ་དོན་གྲུབ་བཅས་གསུམ་པོས་གླུ་གཞས་བླངས་ནས་ང་ཚོའི་ཉན་བྱེད་དབང་པོ་རབ་ཏུ་མྱོས།
ཁོ་ཚོའི་ཁྲོད་སྐྱོར་དཔོན་ནོར་བུ་ནི་ནག་ཆུ་གྲོང་ཁྱེར་ནས་ཡིན་པ་ཕུད། དེ་བྱིངས་ཀྱི་སློབ་མ་བརྒྱད་པོ་ནི་ནག་ཆུའི་མཐའ་འཁོར་གྱི་འབྲོག་ཁུལ་ནས་ཡོང་བ་ཡིན་ཞིང་། ཁོ་ཚོ་ཚང་མ་རོལ་དབྱངས་ཐོག་ཐུན་མོང་གི་དགའ་ཞེན་ཡོད་པ་ཤ་སྟག་རེད།
སྤྱི་ལོ་2023ལོའི་སྟོན་མཇུག་ཏུ་ཁོ་ཚོ་དུས་མཉམ་དུ་ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭར་ཚུད་དེ་23ལོའི་མི་རིགས་རོལ་དབྱངས་དང་ཞབས་བྲོ་འཛིན་གྲྭའི་རྒྱུད་གཉིས་པི་ཝང་གི་ཆེད་ལས་སློབ་མར་གྱུར།
སྤྱི་ལོ་2024ལོའི་ཟླ་7པར་ཁོང་ཚོས་འཁྲབ་སྟོན་བྱས་པའི་ལེ་ཚན《མཉམ་འཛོམས》ཞེས་པར་སྐབས་གསུམ་པའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”བྱེད་སྒོའི་ཁྲོད་རིག་རྩལ་གར་སྟེགས་རིགས་ཀྱི་མཐོ་འབྲིང་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་ཡོད།
འདི་ནི་སློབ་མ་ཚོས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”བྱེད་སྒོར་འཁྲབ་སྟོན་བྱེད་བཞིན་པ།
“སྐབས་དེའི་འགྲན་བསྡུར་ཆེད་དགེ་རྒན་ཚེ་བརྟན་དཔལ་འབྱོར་གྱིས་དུས་ཚོད་ཁོམ་པ་ཡོད་ཚད་ལ་ང་ཚོར་ནང་སྦྱོང་བྱེད་པ་དང་། སྐབས་རེ་སློབ་གྲྭའི་ཟ་ཁང་གི་ཁ་ལག་གཏོང་བའི་དུས་ཚོད་ཡོལ་སྟེ་དགེ་རྒན་ཁོང་རང་གི་དངུལ་ཁུག་ནས་ང་ཚོ་སློབ་མ་ཚོར་ཟ་མ་དང་འོ་ཇ་མངགས་ཉོ་གནང་བྱུང”ཞེས་སྒྲ་སྙན་དཀྲོལ་གཏོང་མཁན་བློ་བཟང་ཆོས་དབྱིངས་ཀྱིས་དྲན་གསོ་བྱེད་བཞིན་དེ་ལྟར་བཤད།
དེ་སྔོན་ཟླ་5ཚེས་28ཉིན་སློབ་གྲྭའི་སྤེལ་རེས་ཀྱི་གོ་སྐབས་ཤིག་ལ་སློབ་མ་དེ་དག་མེ་འཁོར་ལ་སྡོད་ཐེངས་དང་པོ་ཡིན་ཞིང་། སློབ་གྲྭ་དང་ཕ་ཡུལ་རྒྱང་དུ་གྱེས་ཏེ་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་ནོར་སྲིད་དཔལ་འབྱོར་སློབ་གླིང་དུ་སློབ་སྦྱོང་ལྟ་སྐོར་དུ་བསྐྱོད་ཡོད།
དེ་ནི་སློབ་མ་ཚོ་ད་བར་དུ་འགྲོ་མྱོང་བའི་ཆེས་ས་ཐག་རིང་ཤོས་ཀྱི་ས་ཆ་ཞིག་རེད “ནག་ཆུ་ལ་གནམ་གཤིས་ཧ་ཅང་དྲང་མོ་ཡོད། འོན་ཀྱང་ཧོ་ནན་ཞིང་ཆེན་ལ་ཚ་བ་ཤིན་ཏུ་ཆེ་བས་ང་ཚོས་ཕུ་ཐུང་དང་དོར་མ་ཐུང་ཐུང་གི་གོས་གྱོན་པ་ཡིན”ཞེས་སྐལ་བཟང་དབང་ཕྱུག་གི་དྲན་པའི་ངོས་སུ་བརྗེད་པར་དཀའ་བའི་འགྲུལ་བཞུད་ཀྱི་ལམ་བུ་དེ་གསལ་པོར་ངེས་འདུག
དང་ཐོག་མར་གར་སྟེགས་ཐོག་ཅུང་ཟད་ཀྱི་ངོ་ཚ་བྱེད་པའི་ཕྲུ་གུ་དེ་དག་རོལ་དབྱངས་ཐོག་སྐྱེས་སྟོབས་ཀྱི་ཤེས་རབ་དང་འབད་བརྩོན་ལྡན་པས་དེ་བས་མང་བའི་མི་ཡིས་དོ་སྣང་བྱུང་ཞིང་ ཕྲུ་གུ་ཚོས་ཀྱང་མ་འོངས་པར་དེ་བས་ཆེ་བའི་གར་སྟེགས་ཐོག་བསྐྱོད་ཐུབ་རྒྱུའི་ཆོད་སེམས་ཀྱང་བཅངས་བཞིན་ཡོད་པ་རེད།
བྲལ་མི་ཕོད་པའི་དགེ་སློབ་ཀྱི་བརྩེ་བ།
སློབ་མ་ཚོའི་དཀྱིལ་དུ་སོག་པོའི་རོལ་ཆ་དཀྲོལ་མཁན་གྱི་དགེ་རྒན་ཚེ་བརྟན་དཔལ་འབྱོར་ནི་སློབ་མ་ཚོ་ལས་ལོ་དེ་ཙམ་གྱི་ཆེ་བ་མེད་ཅིང་། སྐྲ་ཅུང་ཐུང་བའི་འོག་ངོ་གདོང་སྒོར་ཙམ་ཞིག་ཡོད།
དགེ་རྒན་ཚེ་བརྟན་དཔལ་འབྱོར་ནི་ནག་ཆུ་དཔལ་མགོན་རྫོང་ནས་ཡིན་ཞིང་། རོལ་དབྱངས་ལ་དགའ་ཞེན་ཆེ་ཞིང་སྐྱེས་སྟོབས་ཀྱི་ཤེས་རབ་ལྡན་པས་ལོ་ཤས་ཀྱི་སྔོན་དུ་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་རྒྱུད་གཉིས་པི་ཝང་གི་ཆེད་ལས་སློབ་སྦྱོང་བྱེད་པའི་བསྐལ་བ་ཐོབ།
འདི་ནི་སློབ་གསེང་རིང་དགེ་རྒན་ཚེ་བརྟན་དཔལ་འབྱོར་དང་སློབ་མ་ཚོ་བགྲོ་གླེང་བྱེད་བཞིན་ཡོད་པ།
སློབ་གྲྭ་ཐོན་རྗེས་ཁོང་ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་རོལ་དབྱངས་དགེ་རྒན་ཞིག་ཏུ་གྱུར་ཅིང་། ཁོང་རོལ་དབྱངས་འཛིན་གྲྭའི་སློབ་མ་ཚོ་དང་ལས་འཕྲོ་ཆེ་ཞིང་ལས་དབང་འདྲ་བ་གསར་འགོད་པར་བཤད།
2023ལོའི་སྟོན་མཇུག་ཏུ་དགེ་རྒན་ཚེ་བརྟན་དཔལ་འབྱོར་གྱིས་23ལོའི་མི་རིགས་རོལ་དབྱངས་དང་ཞབས་བྲོ་འཛིན་གྲྭའི་སློབ་མ་གསར་པ་དེ་དག་འཚོལ་བསྡུ་བྱས་པ་དང་། རོལ་དབྱངས་འཛིན་གྲྭའི་དགེ་སློབ་ཕན་ཚུན་མཉམ་དུ་གཤིབ་ཡུན་ཇི་ཙམ་རིང་ན། ཕན་ཚུན་རྟེན་རེས་དང་བྲལ་ཐབས་མེད་པའི་བརྩེ་དུང་ཡང་དེ་ཙམ་གྱིས་ཟབ་པར་གྱུར།
རོལ་དབྱངས་འཛིན་གྲྭའི་ཆེད་ལས་ནི་རྒྱུད་གཉིས་པི་ཝང་དང་གླུ་དབྱངས་ལ་སློབ་སྦྱོང་བྱེད་རྒྱུ་དེ་རེད། འོན་ཀྱང་ཆེད་ལས་སློབ་ཚན་ཉན་པ་ཕུད་དགེ་རྒན་ཚེ་བརྟན་དཔལ་འབྱོར་གྱིས་ཞོར་དུ་ཁོང་རང་ཉིད་ཀྱིས་ཤེས་པའི་རོལ་ཆ་རྣམས་སློབ་མ་ཚོར་བསླབ་ཅིང་། ཁོང་གིས་ཆེས་རྨང་གཞིའི་རོལ་དབྱངས་སློབ་ཁྲིད་ནས་བཟུང་སྒྲ་སྙན་དང་། སྨར་ཁམས་ཀྱི་པི་ཝང་། ཀི་ཐར་སོགས་རོལ་ཆ་སྣ་ཚོགས་ཁྲིད་ཀྱི་ཡོད་པ་རེད།
གླུ་གཞས་སྦྱོང་བརྡར་ཁང་དུ་དགེ་རྒན་ཚེ་བརྟན་དཔལ་འབྱོར་གྱིས་ཉིན་ལྟར་སློབ་མ་ཚོར་སྐད་ངག་སྦྱངས་པ་དང་། དབུགས་གཏོང་བ། དེ་བཞིན་བོད་ཀྱི་འབྲོག་གླུའི་འདར་སྒྲ་ཇི་ལྟར་སྤྱོད་མིན་སོགས་བསླབ་ཀྱིན་ཡོད།
སློབ་ཕྲུག་རྣམས་ཀྱིས་ཚེ་བརྟན་དཔལ་འབྱོར་ལ་གུས་བཀུར་བྱེད་པ་དང་། ཁོ་ཚོའི་གཅེན་པོ་དངོས་ལ་བརྩིས་ནས་ལོ་ན་གཞོན་པའི་དགེ་རྒན་འདི་ལ་དགའ་པོ་བྱེད་ཀྱི་ཡོད། ཚེ་བརྟན་དཔལ་འབྱོར་ཡང་སློབ་མ་ཚོའི་གླུ་དབྱངས་དང་ཕུགས་བསམ་གྱི་ལམ་སྟོན་པ་ཞིག་ཡིན་པའི་ཆ་ནས་ཀྱང་སློབ་མ་ཚོ་དང་ཁ་བྲལ་འདོད་ཡེ་ནས་མེད་པ་རེད།
དགེ་རྒན་ཚེ་བརྟན་དཔལ་འབྱོར་ལའང་དེ་སྔོན་ས་གནས་གཞན་དུ་ལས་ཀ་བྱེད་པའི་གོ་སྐབས་བཟང་པོ་བྱུང་མྱོང་ཀྱང་མཐར་ཁོང་གིས་བློས་གཏོང་བྱས་པ་རེད། གང་ལགས་ཤེ་ན་ཁོང་གི་མི་ཚེའི་ནང་སློབ་མ་དེ་དག་དང་འཕྲད་རྗེས་ཕན་ཚུན་བྲལ་མི་འདོད་པའི་ཚོར་བ་དྲག་པོ་ཞིག་སྐྱེས་ཡོད།
“ང་དང་ཁོ་ཚོའི་འཚར་ལོངས་ཀྱི་བརྒྱུད་རིམ་ཤིན་ཏུ་འདྲ། ཚང་མ་འབྲོག་པའི་བུ་ཕྲུག་ཤ་སྟག་ཡིན་པའི་ཐོག་ལོ་ཚོད་དེ་འདྲ་ནས་བཟུང་སྟེ་རོལ་དབྱངས་དང་རོལ་ཆར་སློབ་སྦྱོང་བྱེད་འགོ་ཚུགས་པས། ངས་ཁོ་ཚོའི་སེམས་ནང་གི་ཕུགས་བསམ་གང་ཡིན་ཚོར་ཐུབ་ཀྱི་འདུག”ཅེས་ཚེ་བརྟན་དཔལ་འབྱོར་གྱི་མིག་ནང་དུ་འཆི་ཞག་འཁོར་བཞིན་སྐད་ཆ་དེ་ལྟར་བཤད།
ཕུགས་བསམ་ནི་རོལ་དབྱངས་མཁས་ཅན་ཞིག་བྱེད་འདོད་པ།
“སྐལ་བཟང་དབང་ཕྱུག་གི་སྒྲ་མདངས་ནི་དར་ཁྱབ་གླུ་གཞས་བཏང་ན་འཚམ་ཞིང་ལྷ་དབང་ཚེ་རིང་གིས་འབྲོག་གླུ་བཏང་ན་དེ་བས་སྙན་ཞིང་ཁོ་པའི་སྒྲ་མདངས་དང་ཤིན་ཏུ་འཚམ་པོ་ཡོད”ཅེས་དགེ་རྒན་ཚེ་བརྟན་དཔལ་འབྱོར་གྱིས་སློབ་མ་ཚོའི་ལེགས་ཆ་དང་སྐྱོན་ཆ་གང་ཡོད་ལ་རྒྱུས་མངའ་ཆེ།
རོལ་ཚོགས་ནང་ལོ་ཆུང་ཤོས་ཡིན་པའི་སྐལ་བཟང་དབང་ཕྱུག་ནི་ཆུང་དུས་ནས་གླུ་གཞས་བཏང་རྒྱུར་དགའ་པོ་ཡོད་ཅིང་། ཁོ་པའི་ཨ་མས་རང་ཉིད་ཀྱི་བུ་ཕྲུག་ལ་དེ་བས་ཡག་པའི་མདུན་ལམ་ཞིག་ཡོང་ཆེད་ཕ་ཡུལ་ནས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ལ་སྤོས་ཏེ་སློབ་ཆུང་ཞིག་གི་ཉེ་འགྲམ་དུ་སློབ་ཆས་གི་ཚོང་ཙག་ཙིག་འཚོང་ནས་ཁྱིམ་གྱི་འགྲོ་སོང་གཏོང་གི་ཡོད།
འདི་ནི་སྐལ་བཟང་དབང་ཕྱུག(གཡོན)དང་ནོར་བུས(གཡས)གླུ་གཞས་གཏོང་བཞིན་པ།
ལོ་ལྟར་གྱི་ངལ་གསོའི་རིང་ཁྱིམ་གྱི་ཕྲུ་གུ་ཆེ་ཤོས་ཡིན་པའི་སྐལ་བཟང་དབང་ཕྱུག་ཕ་ཡུལ་ནག་ཆུ་ཤན་རྩ་རྫོང་གཞུང་སྨད་གྲོང་རྡལ་གྲོང་ཚོ་བདུན་པར་ཕྱིར་ལོག་ནས་རྨོའོ་ལགས་ལ་ལུག་འཚོ་རོགས་བྱེད་ཀྱི་ཡོད། ལུག་རྫིའི་སྐབས་ཨ་མའི་ལག་ཐོགས་ཁ་པར་རྙིང་པ་དེ་རྩ་བ་ནས་འཁྱེར་རྒྱུ་མི་བརྗེད་པར་ལུག་རྫིའི་ཞོར་ལ་གྲོགས་པོ་དང་མཉམ་དུ་རྩྭ་ཐང་ཐོག་གླུ་གཞས་ལེན་བཞིན་ཡོད་པས། འདས་སོང་གི་ལོ་ཟླ་དེ་དག་རིང་ཁོ་པ་རྩྭ་ཐང་ཐོག་སྤྲོ་སྣང་གི་དྲན་གསོ་མང་པོ་བཞག་ཡོད།
ད་ལྟ་སྐལ་བཟང་དབང་ཕྱུག་ཀྱང་གླུ་པ་བཀའ་སྡོད་སྐྱབས་ཀྱི་གླུ་གཞས་སྙན་རྒྱུར་ཤིན་ཏུ་དགའ་ཞིང་། ཁོ་པ་དང་རོལ་དབྱངས་འཛིན་གྲྭའི་སློབ་ཕྲུག་ཚོས་གླུ་པ་བཀའ་སྡོད་སྐྱབས་ཀྱི་གླུ་གཞས་གསར་པ་རེས་མོས་ངང་བཏང་བཞིན་སློབ་མ་ནོར་བུས་ཀི་ཐར་དཀྲོལ་ནས་སློབ་གྲོགས་ཚོའི་གླུ་གཞས་ལ་རམ་འདེགས་བྱས།
སློབ་མ་ཕན་ཚུན་ཀི་ཐར་དང་། སྒྲ་སྙན། པི་ཝང་སོགས་རོལ་ཆ་སྣ་ཚོགས་དཀྲོལ་སྟངས་ལ་དོ་སྣང་ཆེ་ཞིང་སྤྲོ་པ་ཆེ་བ་མཐོང་སྐབས་དགེ་རྒན་ཚེ་བརྟན་དཔལ་འབྱོར་གྱི་སེམས་ནང་དུ་དགའ་བ་དཔགས་མེད་སྐྱེས།
འདི་ནི་སློབ་མ་ཚོ་ཕན་ཚུན་བགྲོ་གླེང་བྱེད་བཞིན་ཡོད་པ།
རོལ་དབྱངས་འཛིན་གྲྭའི་ནང་པད་མ་ཆོས་སྒྲོན་ནི་བུད་མེད་གཅིག་པོ་དེ་ཡིན་ཞིང་། དང་ཐོག་མར་ཁོ་མོ་ཞབས་བྲོ་འཛིན་གྲྭའི་སློབ་མ་ཡིན་པ་དང་། ཞབས་བྲོར་དེ་ཙམ་གྱི་སྤྲོ་པ་ཆེན་པོ་མེད་པ་ཚོར་བས་རོལ་དབྱངས་འཛིན་གྲྭར་བསྒྱུར།
འདི་ནི་པད་མ་གཡུ་སྒྲོན་གྱིས་སྒྲ་སྙན་གཏོང་ལེན་བྱེད་བཞིན་པ།
ད་ཆ་ཁོ་མོས་སྒྲ་སྙན་ཐོག་ནས་དམངས་གཞས་འགའ་གཏོང་ལེན་བྱེད་ཐུབ་པས་སློབ་གྲྭའི་ནང་བུད་མེད་སློབ་མ་མང་པོའི་ཡིད་སྨོན་འཆོར་སར་གྱུར་ཡོད། ཁོ་མོ་ཡང་རོལ་དབྱངས་འཛིན་གྲྭའི་སློབ་མ་གཞན་དང་འདྲ་བར་དེ་བས་མང་བའི་རོལ་ཆར་རྒྱུས་ལོན་དང་སློབ་སྦྱོང་བྱས་ནས་དེ་བས་ཆེ་བའི་གར་སྟེགས་ཐོག་འཁྲབ་སྟོན་བྱེད་འདོད་ཤིན་ཏུ་ཆེ།
དང་ཐོག་མར་གར་སྟེགས་ཐོག་འཁྲབ་སྟོན་བྱེད་པར་དངང་འཚབ་སྐྱེས་པ་ནས་ད་ཆ་དེ་བས་ཆེ་བའི་གར་སྟོགས་ཐོག་འཁྲབ་སྟོན་བྱེད་འདོད་ཆེ་བ་ནི་བོད་བྱང་ཐང་གི་ལོ་ཆུང་བྱིས་པ་དེ་དག་གི་ཐུན་མོང་གི་སེམས་སྒྲ་རེད།
མ་འོངས་པའི་ཕུགས་བསམ་སྐོར་གླེང་དུས་སློབ་མ་རྣམས་དགེ་རྒན་ཚེ་བརྟན་དཔལ་འབྱོར་བཞིན་རོལ་དབྱངས་དགེ་རྒན་ཞིག་བྱེད་འདོད་པ་དང་། སློབ་མ་ཚང་མ་རོལ་དབྱངས་དང་འབྲེལ་བའི་ལས་ཀ་བྱེད་འདོད་མཁན་ཤ་སྟག་ཡིན་པ་གསར་འགོད་པས་ཚོར་བྱུང་།
“གླུ་གཞས་བླངས་ཤེས་པའི་ཐོག་རོལ་ཆ་ཡང་དཀྲོལ་ཤེས་པས་ང་རང་སེམས་པ་ཧ་ཅང་སྐྱིད་པོ་འདུག གླུ་གཞས་སྙན་མོ་ལེན་ཐུབ་པའི་ཆེད་ངས་ཁ་ཚ་པོའི་རིགས་རྩ་བ་ནས་མ་ཟ། མ་གཞི་ང་རང་སུར་པན་ཟ་རྒྱུར་དགའ་ཡང་མིད་པར་གནོད་ཡོང་བསམ་སྟེ་སྡུག་རུས་བྱེད་ཀྱི་ཡོད”ཅེས་འཛིན་གྲྭའི་ནང་གཟུགས་ཅུང་ཆེ་ཞིང་དྲུང་ཤ་དོད་པའི་སློབ་མ་ཚེ་དབང་བཀྲ་ཤིས་ཀྱིས་དེ་ལྟར་བཤད།
ཉིན་འདི་དག་རིང་རོལ་དབྱངས་འཛིན་གྲྭའི་སློབ་མ་རྣམས་རིག་གནས་སློབ་ཚན་སྦྱོང་དགོས་པ་ཕུད། དགེ་རྒན་ཚེ་བརྟན་དཔལ་འབྱོར་གྱིས་སྣེ་ཁྲིད་དེ་སློབ་མ་རྣམས་ཟླ་དེའི་ཟླ་མཇུག་ཏུ་ཡུལ་ཤུལ་གྱི་བྱིས་པའི་ལོ་གསར་མཚན་ཚོགས་ཐོག་འཁྲབ་སྟོན་གྱི་ལེ་ཚན་གྲ་སྒྲིག་བྱེད་དགོས་པ་རེད།
སློབ་མ་ཚོའི་ངོས་ནས་དེ་ནི་དེ་བས་ཆེ་བའི་གར་སྟེགས་ཤིག་དང་ཁོ་ཚོའི་ཕུགས་བསམ་དང་ཐག་ཉེ་རུ་སོང་ཡོད་ལ། འཁྲབ་སྟོན་དེ་ནི་མིག་སྔར་དགེ་སློབ་ཚང་མ་ཆེས་བྲེལ་འཚུབ་ཆེ་ཤིང་རེ་སྒུག་བྱེད་རིང་ཆེ་ཤོས་ཀྱི་ལས་ཀ་ཞིག་ཀྱང་ཡིན་པ་རེད།
གསར་འགོད་པ། ཞོགས་གཡང་། མིག་སྐྱིད། བསོད་ནམས་དབང་འདུས། བསྟན་འཛིན་མཚོ་རྒྱལ།