ཉིང་ཁྲི་གྲོང་ཁྱེར་གྱིས“ལང་ཚོའི་བློ་གྲོས་མཉམ་དུ་འདུས”ཞེས་པའི་སྤེལ་རེས་བྱེད་སྒོ་སྤེལ་བ།
འདི་ནི་བྱེད་སྒོར་ཞུགས་མཁན་འབྲེལ་ཡོད་འགོ་ཁྲིད་ཀྱིས་གཏམ་བཤད་པ་གཙོ་བོར་དྲན་རྟེན་གཟེངས་རྟགས་སྤྲོད་བཞིན་པ།
འདི་ནི་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་སློབ་མ་དང་ནུབ་རྒྱུད་འཆར་གཞིའི་དང་བླངས་པས“ལང་ཚོའི་བློ་གྲོས་མཉམ་དུ་འདུས”ཞེས་པའི་སྤེལ་རེས་བྱེད་སྒོར་ལྟ་བཞིན་པ།
མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུ་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་ལ་སྐུལ་འདེད་གཏོང་བར་ལང་ཚོའི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་ཆེད། ཉིན་ཤས་གོང་། ཉིང་ཁྲི་གྲོང་ཨུད་རྩ་འཛུགས་པུའུ་དང་། གུང་གཞོན་སྡེ་ཚོགས་ཉིང་ཁྲི་གྲོང་ཨུད། གྲོང་ཁྱེར་མི་སྤྱི་ཅུས་བཅས་ཀྱིས་གཙོ་གཉེར་དང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་དང་ཀོང་ཏུང་དུ་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་གྱི་ཞབས་ཞུ་འབྲེལ་གཏུག་ཁྲུའུ་ཡིས་གཉེར་རོགས་བྱས་ཤིང“ཉིང་ཁྲིའི་ལས་ཞུགས་ལ་དམིགས་ནས། འབྱུང་འགྱུར་བྱ་གཞག་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“ལང་ཚོའི་བློ་གྲོས་མཉམ་དུ་འདུས”ཞེས་པའི་སྤེལ་རེས་བྱེད་སྒོ་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་སྙན་ཞུའི་ཚོམས་ཆེན་དང་པོར་སྤེལ་བ་རེད། བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་སློབ་ཆེན་ལོ་རིམ་གསུམ་པ་དང་བཞི་པའི་སློབ་མ་དང་། ནུབ་རྒྱུད་འཆར་གཞིའི་དང་བླངས་པ། ཉིང་ཁྲི་གྲོང་ཁྱེར་གྱི་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་སློབ་ཐོན་སློབ་མའི་འཐུས་མི་སོགས་ཁྱོན་མི་ཐེངས་300ལྷག་ཙམ་ཞུགས་ཡོད་པ་རེད།
བྱེད་སྒོར་གཏམ་བཤད་པ་གཙོ་བོ་4གདན་དྲངས་པ་དེ་དག་ཀོང་ཏུང་དུ་བསྐྱོད་དེ་ལས་ཞུགས་བྱེད་མཁན་སློབ་ཆེན་སློབ་མ་དང་། བོད་ཀྱི་ཕུལ་བྱུང་གཞོན་ནུ་ལས་གཏོད་པ། ཁེ་ལས་སུ་ལས་ཀ་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མ་སོགས་ཡིན་པ་རེད། བྱེད་སྒོའི་རིང་། གཏམ་བཤད་པ་གཙོ་བོ་ཚོས་ལས་ཞུགས་ལས་འདེམས་ཀྱི་འདུ་ཤེས་ལ་དམིགས་ཐོག་རང་ཉིད་ཀྱི་ལས་ཀ་དང་འཚོ་བའི་མྱོང་བ་དང་གསར་གཏོད་ལས་གཏོད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་སྤེལ་རེས་མཉམ་སྤྱོད་བྱས་པར་ས་གནས་ས་ཐོག་གི་སློབ་ཆེན་སློབ་མ་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་རེད།
དང་ཐོག་མཉམ་སྤྱོད་བྱེད་མཁན་ནི་ཉིང་ཁྲི་གྲོང་ཁྱེར་ཅིང་ཡོན་ཆུ་དོན་ཚོགས་པ་ཐོན་སྐྱེད་གཉེར་སྐྱོང་པུའི་ཀྲུའུ་རེན་གཞོན་པ་བསོད་ནམས་སྟོབས་ལྡན་ཡིན་པ་རེད། ཁོང་གིས་སློབ་ཆེན་སློབ་མ་ཚོར་ལས་གནས་དང་ལས་ཀའི་ཐོབ་ཐང་ལ་ངོས་འཛིན་ཡག་པོ་བྱས་ནས་གཞུང་ཞབས་པ་དང་བྱ་གཞག་ཚན་པ་ཁོ་ནར་མི་ལྟ་བར་ཁེ་ལས་ཀྱིས་ཀྱང་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་ཅེས་བཤད་པ་རེད།
གཏམ་བཤད་པ་གཉིས་པ་ནི་ཉིང་ཁྲིའི་ཕུལ་བྱུང་གཞོན་ནུ་ལས་གཏོད་པ་ཆའོ་ཤང་ཡོན་ཡིན་པ་རེད། ཁོང་གིས་སློབ་ཆེན་སློབ་མ་ཚོར་ཕམ་ཉེས་བྱུང་བར་ལྟ་སྟངས་ཡང་དག་འཛིན་དགོས། “ལས་གཏོད་ལ་ཕམ་ཉེས་བྱུང་བ་ཡང་རྒྱུ་ནོར་ཞིག་རེད། གསར་གཏོད་ནི་ཡང་ཡང་ཕམ་ཉེས་བྱུང་ཡང་བློ་མི་ཕམ་པར་མུ་མཐུད་མདུན་སྐྱོད་བྱས་པ་ལས་བྱུང་བ་ཞིག་རེད། མི་སྒེར་གྱི་ངོས་ནས་བརྗོད་ན། ཕམ་ཉེས་བྱུང་བར་ངོས་འཛིན་ཡང་དག་བྱེད་པའི་དོན་སྙིང་ནི་ང་ཚོས་བག་ཕེབས་པའི་ངང་ཕམ་ཉེས་ལ་ཁ་གཏད་གཅོག་པ་དང་། ཕམ་ཉེས་དང་ལེན། ཕམ་ཉེས་ཐག་གཅོད་སོགས་བྱེད་པ་དང་དེའི་ཁྲོད་འཚར་ལོངས་བྱུང་ནས་མཐར་གྲུབ་འབྲས་ཐོབ་རྒྱུ་དེ་རེད”ཅེས་བཤད་པ་རེད།
མཐར་ཀོང་ཏུང་དུ་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་གྱི་ཞབས་ཞུ་འབྲེལ་གཏུག་ཁྲུའུ་ཡི་ཀྲོའུ་ཧའེ་རུང་གིས། ལྗོངས་ཕྱིར་ལས་ཞུགས་ཀྱི་འབྲེལ་ཡོད་སྲིད་ཇུས་གསལ་འགྲེལ་བྱས་ཤིང་། ཁོང་གིས། ད་ཆ་མཐོ་སློབ་སློབ་ཐོན་སློབ་མ་380ཀོང་ཏུང་དུ་གཞིས་ཆགས་ཡོད། ཀོང་ཏུང་གི་ས་ཁུལ་དང་གྲོང་ཁྱེར་གང་རུང་དུ་ཕྱིན་ཡང་དེ་གར་ཕ་ཡུལ་གཅིག་པས་དགའ་བསུ་ཞུ་མཁན་ཡོད། ཉིང་ཁྲིའི་འབྲེལ་གཏུག་ཁྲུའུ་ཡིས་ཀྱང་ཚང་མ་འཚར་ལོངས་བྱུང་ནས་འཇོན་ཐང་ཅན་དུ་འགྱུར་བར་རོགས་པ་བྱེད་ཀྱི་ཡོད། ཚང་མ་བོད་ནས་ཐོན་ཏེ་ཀོང་ཏུང་དུ་རང་ཉིད་ཀྱི་གནམ་ས་གསར་པ་གཏོད་པར་ཡོང་བར་དགའ་བསུ་ཞུ་གི་ཡིན་ཞེས་བཤད་པ་རེད།