ཚན་རྩལ་ལ་བརྟེན་ནས་ཞིང་འབྲོག་ལས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱས་པ།
—— 2024ལོའི་རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས།
འདི་ནི་བོད་ལྗོངས་དཀར་པོ་ནོར་བུ་འབྲི་འོ་ལས་རིགས་ཚད་ཡོད་ཀུང་སིའི་ལས་དོན་པས་ཐོན་སྐྱེད་སྒྲུབ་རིམ་དུ་ལས་ཀ་བྱེད་བཞིན་པ།
ཉེ་ཆར། གསར་འགོད་པ་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་པད་མ་གྲོང་རྡལ་ཝ་འབེབས་གྲོང་ཚོའི་ཟོག་སྦྲེལ་དྲ་རྒྱའི་རྩི་ཤིང་བཟོ་གྲྭར་བསྐྱོད་སྐབས། ཤིང་འབྲས་ཀྲོ་མ་ཀྲུ་ཡི་རྡོག་པོ་དམར་ཆུང་མིག་ལམ་དུ་འཆར་བ་དེས་གྲོང་གསེབ་ཀྱི་རྣམ་པའང་དེ་བས་མཛེས་སྡུག་ལྡན་པར་གྱུར།
ཝ་འབེབས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་ཚེ་རིང་གིས་རྣང་མའི་ཐོག་ལངས་ཏེ་ལྡུམ་རའི་ནང་གི་འབྲས་བུ་དག་ལ་ལྟ་བཞིན“ས་ཞིང་བ་ཚྭ་ཅན་དེར་ཡང་ལོ་ལེགས་ཡག་པོ་འདི་འདྲ་ཡོང་བ་བསམ་པའི་ཡུལ་ལས་འདས་སོང”ཞེས་སེམས་འགུལ་ཐེབས་བཞིན་བཤད།
ཚན་རྩལ་གྱིས་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་རམ་འདེགས་བྱས་པ།
སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་ཀྱི་ཕན་འབྲས་ཆེ་རུ་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་གིས་སྔོན་ཐོན་གྱི་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུ་ཁྱབ་གདལ་དང་ཚན་རྩལ་མཐོ་བའི་སྒྲིག་ཆས་སྤྱད་དེ་ནས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་བྱས་ཡོད། མིག་སྔར། དཔའ་རྩལ་ཤང་གི་གྲོང་མི་5ལ་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུ་གཏོང་ཆོག་པའི་ལག་ཁྱེར་རག་ཡོད་པ་རེད།
འདི་ལོའི་ལོ་སྟོད་དུ། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གིས་ནས་ཀྱི་ཐོན་ལས་ཀྱི་གྲངས་གཞི་ཆེན་པོའི་ལས་སྟེགས་ཧུར་ཐག་བསྐྲུན་པ་དང་། དྲ་སྦྲེལ་གྱི་གྲངས་གཞི་ཆེན་པོའི་དབྱེ་ཞིབ་ལག་རྩལ་འདུས་གྲུབ་ལ་བརྟེན་པ། ཞིང་ལས་ཐོན་སྐྱེད་ཀྱི་གྲངས་གཞི་སྔོག་འདོན་གཏིང་ཟབ་བཅས་བྱས་ནས། ཞིང་ལས་ཀྱི་ཐབས་ཇུས་ཐད་གནད་སྨིན་དཔྱད་གཞི་མཁོ་འདོན་བྱས་ཏེ། ནས་ཀྱི་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།
དུས་ཡུན་རིང་པོའི་ནང་། རང་ལྗོངས་ཀྱིས“འབྲུ་རིགས་བརྟན་གཏོང་དང་། འབྲོག་ལས་དར་རྒྱས། ཁྱད་ལྡན་སྟོབས་ཆེན”བཅས་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་པ་དང་ཚན་རྩལ་ལ་བརྟེན་ཏེ་ནས་དང་། འབྲི་གཡག བོད་ལུག བོད་བྱ་སོགས་ས་མཐོའི་ཁྱད་ལྡན་སྤུས་ལེགས་ཀྱི་ཐོན་ཁུངས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས“བོད་ནས་ཨང་3000”སོགས་ཀྱི་ཐོན་མཐོའི་ནས་ཀྱི་སོན་བཟང་གསར་པ་7དང་དེ་བཞིན་བལ་འཇམ་རྩུབ་ཀྱི་ལུག་དང་གངས་ལྗོངས་ཀྱི་བྱ་དེ་དཀར་པོ་སོགས་ཕྱུགས་ཟོག་དང་ཁྱིམ་བྱའི་རིགས་ཀྱི་རྒྱུད་བཟང་གསར་པ་མང་དག་ཅིག་འདེམས་གསོ་བྱས་ཡོད།
ཚད་གཞི་མཐོ་བའི་ཞིང་ས་གསར་སྦོལ་དང་སོན་བཟང་ཁྱབ་གདལ་བཏང་ནས། ས་བོན་དང་། རྫས་ལུད། ཞིང་སྨན། སྐྱེ་ལྡན་ལུད་བཅས་དང་དེ་བཞིན་དམངས་ཕན་ཁ་གསབ་ཁག་དུས་ཐོག་ཏུ་སྤྲོད་པ་སོགས་བྱས་ནས། འདི་ལོའི་ཟླ་9པ་བར། ལྗོངས་ཡོངས་སུ་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་285.54ཟིན་པ་དང་། 2024ལོའི་ལོ་འཁོར་གྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལས་འགན་མུའུ་ཁྲི་4.66ལེགས་གྲུབ་ཟིན་ནས་འབྲུ་རིགས་ལོ་ལེགས་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
ཐོན་ལས་གླིང་ཁུལ་གྱིས་དཔེ་སྟོན་སྣེ་ཁྲིད་བྱས་པ།
བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་བོད་བྱའི་ཐོན་ལས་གླིང་དུ་སྐྱོད་སྐབས། གྲལ་སྟར་སྒྲིག་པའི་བྱ་ཚང་དང་། རང་འགུལ་ཅན་གྱི་གསོ་ཚགས་སྒྲིག་ཆས། རིག་ནུས་ཁོར་ཡུག་ཚོད་འཛིན་མ་ལག་བཅས་མིག་ལམ་དུ་འཆར་འོང་།
“དེ་ནི་མིག་སྔའི་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་བོད་བྱ་གསོ་ཚགས་རྟེན་གཞི་རེད། ཐོན་ལས་གླིང་གི་བོད་བྱ་གསོ་ཚགས་ལས་དོན་ལ་གཟན་ཆག་ལས་སྣོན་ནས་སྒོ་ང་དབྱེ་གསེད་དང་ཐུམ་སྒྲིལ་བར་དང་། དེ་ནས་སྐྱེ་ལྡན་ལུད་ཐོན་སྐྱེད་བྱེད་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་རིག་ནུས་ཅན་གྱི་དོ་དམ་བྱ་ཐབས་སྤྱད་པས་སྔོན་དཔག་བྱས་ན་ལོར་སྒོ་ང་སོས་པ་དུང་ཕྱུར་5ཐོན་པ་དང་བྱ་དེ་ཁྲི་90ལྷག་ཙམ་བཤས་འཚོང་བྱས་ཡོད”ཅེས་བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས།
ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་རྔ་སྒྲ་ཤང་དེ་སྔ་བྱེ་རླུང་འཚུབ་ཆེ་བའི་ཁུལ་ཞིག་ཡིན་པའི་ངོས་ནས་ད་ཆ་ས་མཐོའི་ཐང་རྒོད་ཀྱི“ལྗང་མདོག་གི་ངོ་མཚར”གཏོད་བཞིན་མཆིས། རྔ་སྒྲ་ཤང་དུ་གནས་པའི་ལྗང་མདོག་གི་འབྱུང་ཁུངས་དེང་རབས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་འདེབས་འཛུགས་རྟེན་གཞིར་འདམ་མྱུག་དང་སུར་པན་སོགས་སྔོ་ཚལ་དང་ཤིང་འབྲས་སྐྱེ་མཚར་ཤིན་ཏུ་ལེགས། རྟེན་གཞིས་བེད་མེད་ཀྱི་གྲམ་ཐང་ཐོན་ཁུངས་གང་ལེགས་སྤྱད་ནས་ས་ཞིང་བཟུང་སྤྱོད་མ་བྱས་པར་སྔོ་ཚལ་དང་འབྲུ་རིགས་འདེབས་འཛུགས་བྱས་པས་ས་ཞིང་བཟུང་སྤྱོད་ཐད་ཀྱི་འགལ་བ་ཐག་གཅོད་ནུས་ལྡན་ཐུབ་པ་དང་ཆབས་ཅིག། དམིགས་བསལ་ལག་རྩལ་སྤྱད་པས་ཚད་ཡོད་ཀྱི་ཆུའི་ཐོན་ཁུངས་བེད་སྤྱོད་ནུས་ལྡན་ཐུབ་ཡོད་པ་རེད།
ཞིང་ལས་ལག་རྩལ་ཁྱབ་གདལ་བཏང་ནས་ཞིང་པར་འབབ་འཕར་ཡོང་བར་བྱས་པ།
ཞིང་ལས་ལག་རྩལ་ཁྱབ་གདལ་གྱི“མཐའ་མའི་འགག་གནད”བསལ་ཚེ། ཚན་རྩལ་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་ཚད་ལེགས་སུ་ཕྱིན་ནས་ཞིང་ལས་དར་རྒྱས་དང་ཞིང་པ་ཕྱུག་པོ་ཆགས་ཐུབ། རང་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་ཚན་རྩལ་གཤམ་སྐྱོད་ལག་རྩལ་གྱི་འགན་ལེན་ལས་དོན་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་འགག་རྩའི་ཉམས་ཞན་ལྷུ་ཚིགས་ལ་དམ་པོར་དམིགས་པ། རིམ་པ་ཁག་གི་དགེ་མཚན་ལྡན་པའི་ཚན་རྩལ་སྟོབས་ཤུགས་བསྡུ་སྒྲིལ་བཅས་བྱས་ཏེ་གནད་སྨིན་གོ་ཆོད་ཀྱི་ལག་རྩལ་ཞིང་ནང་དང་། འབྲོག་ར། ཐོན་སྐྱེད་བཅས་ཀྱི་འཐབ་ས་དང་པོར་ཁྱབ་གདལ་བཏང་ནས་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་འཕར་བར་རམ་འདེགས་བྱས་ཡོད། འདི་ལོའི་ཟླ་9པའི་བར། རང་ལྗོངས་ཀྱིས་ལག་རྩལ་རིགས་གཅིག་མཁས་ཅན་5162འཐབ་ས་དང་པོར་བཏང་སྟེ་ལག་རྩལ་གྱི་གནད་དོན་459ཐག་གཅོད་བྱས་ནས་ཞིང་འབྲོག་པ་མི་ཐེངས་ཁྲི་30ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད།
ཞིང་འབྲོག་ལས་ཀྱི་ལག་རྩལ་ཁྱབ་གདལ་བེད་སྤྱོད་བྱས་པ་དེས་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་ཡོད་ལ་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་ཀྱང་མང་དུ་སོང་ཡོད། རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད་ལ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་བཞིན་ཡོད། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་ལྗོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13547ཟིན་པ་དེ་དུས་མཚུངས་ལས་8.2%འཕར་བ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་68.5ཟིན་ནས་དུས་མཚུངས་ལས་19.5%འཕར་ཡོད།
རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར། རང་ལྗོངས་ཀྱིས་ཞིང་འབྲོག་ལས་ཐོན་སྐྱེད་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་ཞིང་ལས་ཀྱི་འགག་རྩ་དང་ལྟེ་བའི་ལག་རྩལ་འགག་སྒྲོལ་ཇུས་གཞི་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ལག་རྩལ་གསར་གཏོད་དང་ཞིབ་སྤེལ་བྱེད་མགྱོགས་སུ་བཏང་ནས“བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པའི”རྣམ་པ་བརྒྱུད་སྣེ་འདྲེན་ཁེ་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་དང་། མཉམ་ལས་ཁང་གི་གཞི་ཁྱོན་ཆེ་རུ་གཏོང་བ། ཁྱིམ་ཚང་གི་ཞིང་འབྲོག་རའི་ཆེད་ལས་ཚད་ལྡན་ཡོང་བ་བཅས་ལ་ལྕག་སྐུལ་བྱ་རྒྱུ་མ་ཟད། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི་ཚོད་ལྟ་བྱས་ནས་བཙུགས་ཏེ། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་10%ཡན་འཕར་བར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་པ་རེད།