དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་སྐད་ཡིག་སློབ་ཁྲིད་ལས་འཕྲོས་ཏེ་བརྡ་རྟགས་ཚེག་ཤད་འགའི་སྤྱོད་སྟངས་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-04

    སློབ་ཆུང་གི་སྐད་ཡིག་དགེ་རྒན་ཞིག་ཡིན་ཕྱིན། རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་ཁྲོད་སློབ་མར་དཔེ་དེབ་ཀྱི་ནང་དོན་ཇི་མ་ཇི་བཞིན་སློབ་ཁྲིད་བྱེད་པ་ཁོ་ནས་མི་འགྲིག་པར། ད་དུང་གནད་དོན་འགའ་རེར་དགེ་རྒན་སོ་སོར་རང་རང་གི་ངོས་འཛིན་དང་བསམ་ཚུལ་རེ་རེ་དགོས་ངེས་ཡིན་ཞིང་། དེས་དགེ་རྒན་རང་ཉིད་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་བྱང་ཚད་མཐོ་རུ་འགྲོ་བར་ཕན་པ་མ་ཟད། སློབ་མར་ཡང་བསམ་གཞིག་གི་བར་མཐོངས་རེ་བསྐྲུན་ཐུབ་པས། འདིར་སློབ་མའི་སྦྱོང་གཞི་བཅོས་སྟངས་ལས་འཕྲོས་ཏེ། རང་གིས་སྐད་ཡིག་གི་བརྡ་རྟགས་འགའི་སྤྱོད་སྟངས་ལ་བསམ་གཞིག་བྱས་པའི་མྱོང་བ་ཕྲན་བུ་གླེང་བར་བྱའོ།

    དེ་ཡང་མེས་པོའི་མཁྱེན་བརྩེའི་ཐུགས་རྒྱུད་ལས་འཁྲུངས་པའི་དབྱངས་གསལ་སོ་བཞིའི་ཡིག་རིགས་འདི་ཉིད་དར་ནས་ད་བར་བགྲང་བྱ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ཞིང་། གང་དེའི་ཡོན་ཏན་གྱི་དྲིན་གྱིས་སྔ་ནས་ད་བར་རང་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཡ་རབས་ཀྱི་སྤྱོད་ཚུལ། རིག་གཞུང་གི་ཉིང་བཅུད། མཁས་གྲུབ་ཀྱི་དགོངས་རྒྱུན་སོགས་མི་རབས་ནས་མི་རབས་བར་མ་ཉམས་རྒྱུན་འཛིན་ཐུབ་པ་དེ་ནི་དགའ་འོས་པ་ཞིག་ལགས་ཀྱང་། རང་རེའི་སྐད་ཡིག་གི་རིག་གཞུང་ཁྲག་རྒྱུན་ལ་མིང་བརྡའི་གོ་བརྡ་སྤྲོད་བྱེད་ཀྱི་གཞུང་ལུགས་ཀུན་གྱི་ཕྱི་མོ་སྟེ་སུམ་རྟགས་ཀྱི་རྩ་བར་བརྡ་རྟགས་སྤྱོད་ཚུལ་གྱི་གནས་ཆ་ཚང་བ་བསྟན་ཡོད་བཞིན་དུ་སྐྱེ་བོ་མང་པོས་ད་དུང་ཡིག་རིགས་གཞན་ཞིག་ལས་བརྡ་རྟགས་གཡར་ཏེ་སྤྱོད་བཞིན་ཡོད་པ་ནི་དགོད་བྲོ་བའི་གནས་སུ་མཐོང་སྟེ། བོད་ཡིག་ལ་ཡིག་རིགས་གཞན་གྱི་བརྡ་རྟགས་གཡར་དགོས་མེད་པར་ཕུན་སུམ་ཚོགས་ཤིང་གོ་བརྡ་སྤྲོད་པར་ཤིན་ཏུ་སྨན་པའི་བརྡ་རྟགས་དུ་མ་ཞིག་ཡོད་པས། གཤམ་དུ་རེ་རེ་བཞིན་གླེང་བར་བྱའོ།

    གཅིག དབུ་ཁྱུད།

    བརྡ་རྟགས་དེ་ནི་རང་རེའི་སྲོལ་རྒྱུན་དང་འབྲེལ་བའི་བརྡ་རྟགས་སྤྱོད་སྟངས་ཤིག་ཡིན་ཞིང་། དེ་ནི་ཡི་གེའི་དབུའམ་འགོ་མ་བཙུགས་གོང་དུ་སྤྱོད་པ་ཡིན། དེ་ཡང་རང་རིགས་ནི་ལས་གང་བྱས་ཀྱང་འགོ་འཛུགས་ཀྱི་ཐོག་མར་ཕྱག་འཚལ་ལོའམ་བཀྲ་ཤིས་སོ་ལ་སོགས་པའི་བསྔོ་སྨོན་བྱེད་སྲོལ་ཡོད་ཅིང་། དེས་ལས་གང་དེར་བར་ཆད་མི་ཡོང་བའམ། ལས་དེ་མཐར་ཕྱིན་ནམ་གཟེངས་སུ་ཐོན་པའི་སྒོ་ནས་འགྲུབ་པའི་རྟེན་འབྲེལ་འགྲིག་པའི་ཆེད་དུ་ཡིན། དབུ་ཁྱུད་དེའང་ཨ་ཡིག་གི་གཟུགས་འགྱུར་འདྲེས་མ་ལས་བྱུང་བ་ཡིན་པར་གསུངས་པ་དང་ང་ཚོས་ཡི་གེ་ཀུན་གྱི་མ་ནི་ཨ་ཡིག་ཡིན་པར་བཤད། རྣམ་ཀུན་འཚོ་བའི་ཁྲོད་དུའང་མ་ཡི་དྲིན་ནི་རི་རབ་ལས་ཀྱང་མཐོ་ཞིང་རྒྱ་མཚོ་ལས་ཀྱང་ཟབ་པས། ང་ཚོ་ནི་མ་ཡི་དྲིན་དྲན་པ་དང་དྲིན་གཟོ་བར་མཐོང་ཆེན་པོ་བྱེད་པའི་མི་རིགས་ཤིག་གི་ཡིན་པ་རྟོགས་ཐུབ་པ་དང་། ཨ་ནི་ཡིག་རིགས་ཀུན་གྱི་མགོར་ཡི་གེ་ཀུན་གྱི་མའམ་རྩ་བ་ཨ་ཡིག་འདི་འབྲི་སྲོལ་དར་བར་གྲགས། ཕྱིས་སུ་གཟུགས་མཛེས་པའམ་གཟུགས་འགྱུར་བའི་དབང་གིས་ད་ལྟའི་དབུ་ཁྱུད“༄༅།།”འདི་ཉིད་འབྲི་སྲོལ་བྱུང་བར་གྲགས།

    གཉིས། དྲི་བ་དང་ཐེ་ཚོམ།

    སློབ་ཆུང་སྐད་ཡིག་གི་སློབ་ཁྲིད་ཁྲོད་སློབ་མས་དྲི་བ་ལ་ལན་བཏབ་མེད་པའམ་ལན་ཆ་མི་ཚང་བ། ལན་ཡ་མ་གཟུགས་ལྟ་བུ་བཏབ་ཚེ་སྐད་ཡིག་དགེ་རྒན་གྱིས་ནམ་རྒྱུན་རྒྱུན་སྤྱོད་བརྡ་རྟགས“?”འདི་སྤྱད་ནས་སློབ་མར་དྲི་རྟགས་འགོད་པའི་སྲོལ་ཞིག་མ་དག་རྒྱུན་འབྱམས་སུ་གནས་ཡོད། རང་རེའི་སྐད་དང་རིག་གཞུང་དུ་གནའ་སྔ་མོ་ནས་འབྱེད་སྡུད་དམ་སྤྱི་སྒྲའི་ཕྲད་སྦྱོར་དགོས་པ་བརྡ་སྤྲོད་རིག་གཞུང་དུ་གཏན་ལ་ཕབ་ཡོད་པས། གཞན་ལ་དྲི་བ་དང་རང་ལ་ཐེ་ཚོམ་དང་དོགས་པའི་བརྡ་རྟགས་སྤྱོད་དགོས་ཚེ། འབྱེད་སྡུད་ཀྱི་ཕྲད་སྦྱོར་དགོས་པ་དཔེར་ན། ལན་ཆ་ཚང་མི་འདེབས་པའི་རྒྱུ་མཚན་ཅི་ཞེས་དང་། ལམ་དེར་ངས་འགྲོ་ཤེས་ཡོང་ངམ་ལྟ་བུས་མཚོན་ནོ།

    གསུམ། བསྡུས་ཚིག

    སྐད་ཡིག་མི་འདྲ་བར་བརྡ་རྟགས་སྤྱོད་ཚུལ་ཡང་མི་འདྲ་བ་མཆིས་ཏེ། དཔེར་ན་ཚེག་དྲུག་མ་ཅན“……”འདིས་ནང་དོན་རྒྱས་པ་བསྡུས་པའི་ཚུལ་དུ་སྤྱོད་པའི་ཤུགས་རྐྱེན་ལས་སློབ་ཆུང་སྐད་ཡིག་གི་ནང་དུའང་དེ་ལྟར་སྤྱོད་པའི་སྣང་ཚུལ་མཆིས། དེ་ཡང་བོད་སྐད་ཡིག་གི་རིག་གཞུང་ཁྲོད་དུ་ནང་དོན་གྱི་རྣམ་གྲངས་བསྡུས་ཆེ་བར་བསྡུས་སྒྲའི་ཚིག་སྩོགས་དང་ཡིག་ཟོར་ཡང་བའམ་བསྡུས་ཆུང་བར་བསྡུས་ཚིག་སོགས་སྤྱོད་པ་སྟེ། དཔེར་ན། ལྷ་མོའི་འཁྲབ་གཞུང་བརྒྱད་ནི་པདྨ་འོད་འབར་དང་། སྣང་ས་འོད་འབུམ། དྲི་མེད་ཀུན་ལྡན་སོགས་སོ་ལྟ་བུའོ།

    བཞི། འགྲེལ་རྟགས།

    སྐད་ཅི་དང་ཡི་གེ་གང་ཞིག་ཡིན་ཡང་དེ་ལ་རྒྱུན་སྤྱོད་འཚོ་བའི་དངོས་མིང་དང་རིག་གཞུང་སོ་སོའི་ཆེད་སྤྱོད་ཐ་སྙད་ཡོད་པ་ནི་སྐད་དང་རིག་གཞུང་གང་དེའི་ཁྱད་ཆོས་སུ་འགྲོ་བས་ན། སྐད་ཡིག་མི་འདྲ་བར་གཞིགས་ནས་དེ་ལ་དེ་འབྲེལ་གྱི་མིང་བརྡ་དང་ཐ་སྙད་སྤྱོད་ཚུལ་ཡང་མི་འདྲ། མིང་བརྡ་དང་ཐ་སྙད་འགའ་ཤས་ནི་དུས་རབས་མི་འདྲ་བའི་མི་རབས་སོ་སོའི་ཞེན་པ་བློའི་ཡུལ་དུ་འབྲེལ་འདྲིས་མེད་པའམ་སྒྲ་དོན་འཆར་དཀའ་བས། དེའི་ཐབས་སུ་དཀྱུས་གཅིག་ཏུ་བརྡ་དག་གི་ཐབས་སྣ་ཚོགས་ལ་བརྟེན་ནས་དོན་འགྲེལ་དང་ཚིག་འགྲེལ། རྒྱས་བཤད་སོགས་བྱེད་པ་ནི་དེང་གི་མིང་བརྡ་གསེད་བཀྲོལ་གྱི་ཐབས་དམ་པ་ཡིན། དེས་ན། སློབ་ཆུང་སྐད་ཡིག་སློབ་ཁྲིད་དམ་སྦྱོང་ཚན་ཁག་གི་མིང་དོན་བརྡ་འགྲེལ་གྱི་ནང་དོན་དུ་དགེ་རྒན་ཕལ་མོ་ཆེས་ཐ་སྙད་འགྲེལ་གཞི་དང་འགྲེལ་པ་གཉིས་ཀྱི་བར་དུ་འཕྲེད་ཐིག“—”དང“:”འདི་འདྲ་སྤྱད་དེ་འགྲེལ་པའི་བརྡ་རྟགས་ཀྱི་ཚབ་བྱེད་པ་ནི་དགོས་པ་དེ་ཙམ་མེད་པར་མཐོང་། བོད་ཀྱི་བརྡ་སྤྲོད་རྣམ་གཞག་ཁག་ཏུ་འགྲེལ་རྟགས་གཙོ་བོ་ནི་ནི་སྒྲ་སྤྱོད་བཞིན་ཡོད་ཅིང་། དེ་ལའང་ནི་སྒྲ་སྒྲ་བཤད་འདྲེན་པ་དང་། ནི་སྒྲ་རྒྱས་བཤད་འདྲེན་པ། ནི་སྒྲ་དབྱེ་བ་འདྲེན་པ། ནི་སྒྲ་བརྣན་པ་སོགས་དབྱེ་བ་མང་པོ་དགར་བཞིན་ཡོད་པས། དེས་མིང་ཚིག་འགྲེལ་གཞི་དང་འགྲེལ་པའི་དབར་ཆེས་བླ་ན་མེད་ལ་གནད་ལ་འཕིགས་པའི་འགྲེལ་པའི་གནས་སྟོན་པ་སྟེ། དཔེར་ན། རྗེས་འཇུག་ནི་མིང་གཞིའི་ཡི་གེའི་རྗེས་སུ་འཇུག་པ་ལ་ཟེར་དང་། དུས་བཞི་ནི་དབྱར་དགུན་སྟོན་དཔྱིད་ཡིན་ལྟ་བུས་མཚོན།

    ལྔ། འབྲེལ་རྟགས།

    ཀུན་གྱིས་མཁྱེན་གསལ་ལྟར། སུམ་ཅུ་པའི་བརྡ་སྤྲོད་གཞུང་དུ་མིང་དོན་གཉིས་ཕན་ཚུན་འབྲེལ་བ་སྟོན་པ་ལ་འབྲེལ་སྒྲ་ཞེས་གསུངས་པ་བཞིན། ཁྱད་གཞི་ཁྱད་ཆོས་དང་ཡན་ལག་དང་ཡན་ལག་ཅན་སོགས་ཀྱི་དབར་འབྲེལ་བ་སྟོན་པར་འབྲེལ་སྒྲའི་ཕྲད་སྤྱོད་དགོས་ཏེ། “学生校服”ལྟ་བུར་སྒྲ་དོན་ཐད་སྒྱུར་གྱིས་སློབ་མ་སློབ་གོས་ཞེས་བསྒྱུར་ཚེ། འབྲེལ་བའི་གནས་སྟོན་པའི་ཕྲད་ལ་སྣང་ཆུང་དང་མ་ཡིག་ལ་བསྟུན་དྲགས་པའི་སྐྱོན་མཆིས་པས། ང་ཚོས་སློབ་མའི་སློབ་གོས་ཞེས་འབྲེལ་སྒྲའི་ཕྲད་སྦྱར་ཏེ་འབྲེལ་རྟགས་སྤྱོད་པར་དོ་སྣང་བྱེད་དགོས།

    དྲུག དཔེ་རྟགས།

    ནམ་རྒྱུན་ང་ཚོས་དཔེ་དེབ་ཅིག་ངོ་སྤྲོད་བྱེད་སྐབས་སམ་ཡང་ན། གཞུང་ངམ་བརྩམས་ཆོས་ཤིག་ལས་ལུང་འདྲེན་སྐབས། དཔེ་རྟགས་དང་ལུང་འདྲེན་གྱི་སྐད་ཆར་ཐུན་མིན་གྱི་རྟགས་འགོད་བཞིན་ཡོད་པ་དཔེར་ན། སློབ་ཆུང་སྐད་ཡིག་སློབ་ཁྲིད་ཁྲོད་དཔེ་དེབ་ཅིག་གི་མིང་འགོད་པའམ་གཞུང་གང་ལས་ལུང་འདྲེན་སྐབས་རྟགས《 》དང“”འདི་གཉིས་སྤྱོད་མང་བ་སྟེ། དཔེར་ན། 《སུམ་ཅུ་པ》ལྟ་བུ་དང་། སྐད་ཡིག་བསླབ་ཚན་གྱི་ཚད་གཞི་ལས“བསླབ་རིམ་དང་པོའི་སློབ་མས་མིང་བརྡ་བརྒྱད་བརྒྱ་ཡས་མས་ཀྱི་དག་ཆ་ཤེས་དགོས”ལྟ་བུར་གོང་གསལ་གྱི་རྟགས་དེ་གཉིས་སྤྱོད་པ་ལྟ་བུ་རེད། ཡིན་ནའང་། བོད་ཀྱི་རིག་གཞུང་ཆེ་བ་དང་བོད་ཡིག་ནང་རྟགས་འདི་རིགས་སྤྱོད་པ་ནི་མེད་པར་སེམས་ཏེ། རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོའི་ནང་མདོ་རྒྱུད་བསྟན་བཅོས་གང་ལས་ལུང་དྲངས་ཀྱང་། ལུང་ཚིག་གི་གོང་དུ་མཛད་པ་པོའི་མཚན་དང་གསུང་རབ་གང་དེའི་མཚན་འབྲི་བ་ལས། རྟགས་འདི་རིགས་སྤྱད་པ་མ་མཇལ་ཏེ། དཔེར་ན། མདོ་ལས། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །ཞེས་སྤྱད་པ་ལྟ་བུའོ།

    མདོར་ན། བོད་སྐད་ཡིག་ལ་རང་གི་ཐུན་མིན་ཁྱད་ཆོས་དུ་མ་ཞིག་མཆིས་ཀྱང་། སྐད་ཡིག་མི་འདྲ་བའི་བརྡ་རྟགས་ཕན་ཚུན་མཉམ་བསྲེས་ཀྱིས་གང་བྱུང་དུ་སྤྱོད་མཁན་ཤིན་ཏུ་མང་བས། ང་ཚོས་སྐད་ཡིག་གང་ཞིག་ལ་སྦྱངས་པ་བྱས་ཀྱང་རང་རང་སོ་སོའི་རིག་གཞུང་གི་ཁྱད་ཆོས་དང་བརྡ་སྤྲོད་ཀྱི་ཆོས་ཉིད་བཞིན་བཀོལ་སྤྱོད་བྱ་རྒྱུ་ནི་གལ་ཆེ་བར་མཐོང་།

    (ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དན་བག་སློབ་ཆུང་གི་དགེ་རྒན་བསྟན་འཛིན་ལྷག་པ)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།