ཤེས་ལྡན་པའི་ལས་དོན་ཡག་པོ་བསྒྲུབས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པ།
—— གཞིས་རྩེ་གྲོང་ཁྱེར་གྱིས་ཤེས་ལྡན་པའི་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།
འདི་ནི་ཉེ་ཆར་གཞིས་རྩེ་གྲོང་ཨུད་ཤེས་ལྡན་པའི་གཞུང་ལས་ཁང་གིས་ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་དུ་འཕྲལ་མཁོ་ཆེ་ལ་དཀོན་པའི་ཤེས་ལྡན་པ་ནང་འདྲེན་གྱི་སྒྲོག་འགྲེལ་ཚོགས་འདུ་འཚོག་བཞིན་པ།
འདི་ལོ་ཚུན་གཞིས་རྩེ་གྲོང་ཁྱེར་གྱིས་ཏང་གིས་ཤེས་ལྡན་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་དེ་གྲོང་ཁྱེར་ཡོངས་ཀྱི་ཤེས་ལྡན་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བརྩིས་ནས“གསོ་འདྲེན་སྤྱོད་ཉར”གྱི་འདུ་འགོད་ཆེན་པོ་བཞིར་སྐུལ་འདེད་ཏན་ཏིག་བཏང་བ་དང་། ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤེས་ལྡན་པའི་ཐོན་ཁུངས་གང་དགོས་ཅི་སྤྱོད་བྱེད་པ།“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ནུས་པ་རྒྱུན་མཐུད་འདོན་པ་སོགས་ཐད་དུས་གཅིག་ཏུ་ནུས་ཤུགས་བཏོན་ཏེ། ཤེས་ལྡན་པའི་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ནས་གཞིས་རྩེ་གྲོང་ཁྱེར་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་པའི་འདེགས་སྐྱོར་བྱས་ཡོད།
དགོས་མཁོ་གང་ཡོད་བརྩལ་ནས་ཤེས་ལྡན་པ་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ།
འདི་ལོའི་ཟླ་5པར་གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་སྐྱོང་གི་སྐད་འཕྲིན་སྤྱི་རྟགས་ཀྱིས་གསར་འགྱུར་སྤེལ་ནས་གཞིས་རྩེ་གྲོང་ཁྱེར་གྱིས་ལྗོངས་ཕྱི་ནས་རིམ་པ་མཐོ་བའི་ཤེས་ལྡན་པ་42ནང་འདྲེན་བྱས་ཡོད།
རྩོམ་ཡིག་ནང་ལྷག་བསམ་ཟོལ་མེད་ཀྱིས་ཤེས་ལྡན་པ་ནང་འདྲེན་དང་ཉར་བའི་སྲིད་ཇུས་བཀོད་ཡོད་ཅིང་། དེའང་ཤེས་ལྡན་པ་ནང་འདྲེན་གྱིས་བོད་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པའི་མི་སྒེར་གྱི་ཁ་གསབ་དང་། ཚན་ཞིབ་ཀྱི་ཁ་གསབ། གོ་གནས་ཀྱི་ཐོབ་ཐང་། ལག་རྩལ་གོ་མིང་དཔྱད་སྤྲོད་གདན་ཞུ། སྡོད་ཁང་སྲིད་ཇུས། ནང་མི་བཀོད་སྒྲིག་སོགས་ཀྱི་སྲིད་ཇུས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་ཆོག་པ་ཕུད། ད་དུང་གཞིས་རྩེ་གྲོང་ཁྱེར་གྱིས་གཏན་འབེབས་བྱས་པའི་ཐོབ་ཐང་གཞན་དག་ཀྱང་ལོངས་སུ་སྤྱོད་ཆོག་གི་ཡོད།
འདི་ལོའི་ཟླ་9པའི་ཟླ་འགོ་བར་གཞིས་རྩེ་གྲོང་ཁྱེར་གྱིས་སྔ་རྗེས་སུ་རང་སྐྱོང་ལྗོངས་ཀྱི་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཀྱི་སྲིད་ཇུས་འོས་སྦྱོར་བྱེད་སྒོར་ཧུར་ཐག་ཞུགས་ནས་རིམ་པ་མཐོ་བའི་ཤེས་ལྡན་པ་12འབྲེལ་མཐུད་ནང་འདྲེན་བྱས་པ་དང་། ཧྲན་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་དང་མཐུན་སྦྱོར་བྱས་ནས་ཧྲན་ཏུང་དང་བོད་ཀྱི་ས་བོན་ཞིབ་འཇུག་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་དང་། ཝུའུ་ཧན་སློབ་ཆེན། སི་ཁྲོན་སློབ་ཆེན་སོགས་གྲགས་ཅན་མཐོ་སློབ་23དུ་བསྐྱོད་དེ་ཤེས་ལྡན་པ་ནང་འདྲེན་གྱི་སྲིད་ཇུས་སྒྲོག་འགྲེལ་བྱས་ནས་འཕྲལ་མཁོ་ཆེ་ལ་དཀོན་པའི་ཤེས་ལྡན་པ་15ནང་འདྲེན་བྱས་པ། ཆིང་ཧྭ་སློབ་ཆེན་སོགས་མཐོ་སློབ་4དང་འབྲེལ་མཐུད་བྱས་ནས་སློབ་གྲྭ་ཆེ་མོ་བ་11གཞིས་རྩེ་གྲོང་ཁྱེར་དུ་སྤྱི་ཚོགས་ལག་ལེན་པར་འདེམས་གཏོང་བྱས་པ། ཤེས་ལྡན་པ་སྟབས་བསྟུན་ངང་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ་སྡེ་ཚན་གྱི་གཙོ་གནད་ཆེད་ལས་ཤེས་ལྡན་པ་དཀོན་པའི་གནད་དོན་ལ་དམིགས་ནས་གྲོང་ཁྱེར་སྤྱི་བདེ་ཅུས་དང་། མི་སྤྱི་ཅུས། འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་སོགས་ཚན་པར་ཁག་2ཀྱི་ཤེས་ལྡན་པ་21སྟབས་བསྟུན་ངང་ནང་འདྲེན་བྱས་ཡོད།
ཤེས་ལྡན་པ་འདེམས་སྤྱོད་ཡག་པོ་བྱེད་པ་ནི་དོན་ཆེན་ཨང་དང་པོ་ཡིན་ལ། ཤེས་ལྡན་པ་སྣ་ཚོགས་ལུས་སེམས་རྣལ་དུ་ཕབ་ནས་རྩེ་གཅིག་ཏུ་བྱ་བ་བསྒྲུབ་རྒྱུ་ཡོང་བ་བྱ་རྒྱུའང་དོན་ཆེན་ཞིག་རེད། གཞིས་རྩེ་གྲོང་ཁྱེར་གྱིས་ཏང་ཨུད་ཀྱི་རིགས་གཅིག་མཁས་ཅན་དང་འབྲེལ་གཏུག་དང་ཞབས་ཞུའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱས་ནས་ཕུལ་བྱུང་ཤེས་ལྡན་པ་20དང“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་རུ་ཁག་7ལ་འཚམས་འདྲི་བྱས་པ་དང་། ཤེས་ལྡན་པའི་མཐུན་འབྲེལ་བྱེད་སྒོ་ཐེངས་6སྒྲིག་འཛུགས་བྱས་ནས་སྤེལ་བ། གཞིས་རྩེ་གྲོང་ཁྱེར་གྱིས་སྐབས་ལྔ་པའི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན་22བདམས་པ། ཤེས་ལྡན་པ་སྣ་ཚོགས་ཀྱི་ཁ་གསབ་སྒོར་ཁྲི་120སྤྲད་ཡོད་པ་རེད།
འཚར་ལོངས་ཀྱི་སྟེགས་བུ་བསྐྲུན་ནས་ཤེས་ལྡན་པའི་ཐོན་ཁུངས་གང་དགོས་ཅི་སྤྱོད་བྱས་པ།
ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ས་གནས་དེ་རང་གི་ཤེས་ལྡན་པ་ནི་མེད་དུ་མི་རུང་བའི་སྟོབས་ཤུགས་གཙོ་བོ་ཡིན། གཞིས་རྩེ་གྲོང་ཁྱེར་གྱིས་ནུས་པ་དང་འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་དམིགས་ཚད་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་སྣ་ཚོགས་གང་འགབ་ཅི་སྤྱོད་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ས་གནས་དེ་རང་གི་ཤེས་ལྡན་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“སྟོབས་གསར་དཔུང་ཁག”ཅིག་ཏུ་སྐྱེད་སྲིང་བྱས་ཡོད།
འཚར་ལོངས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་ཤེས་ལྡན་པའི་གསར་གཏོད་ལ་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་ཤིང་། ཤེས་ལྡན་པའི་ཐོན་ཁུངས་གསར་སྤེལ་རྣམ་གྲངས་24འདུན་ཞུ་སྒྲིག་འཛུགས་དང་ནགས་ལས་དང་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་གྲོང་ཁྱེར་རིམ་པའི་ཤེས་ལྡན་པའི་ཐོན་ཁུངས་གསར་སྤེལ་རྣམ་གྲངས་3འདེམས་སྒྲུག་དང་འདེགས་སྐྱོར་བྱས་ཏེ་ཚན་ཞིབ་རྣམ་གྲངས་དང་། གྲོས་བསྡུར་བྱ་གཞིར་ཞིབ་འཇུག ཚོད་ལྟ་ཁང་བཅས་གཅིག་སྡུད་མཉམ་འདྲེས་བྱས་པ་བརྒྱུད་ཤེས་ལྡན་པའི་མངོན་མེད་ནུས་པ་འཕེལ་བར་བྱས་ཡོད།
གྲོང་གསེབ་དར་རྒྱས་གཏོང་བར་ཤེས་ལྡན་པ་ནི་འགག་རྩ་ཡིན། གཞིས་རྩེ་གྲོང་ཁྱེར་གྱིས་ཤེས་ལྡན་པའི་ཐོན་ཁུངས་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། ཤེས་ལྡན་པ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་རྒྱུར་སྐུལ་འདེད་བཏང་ཞིང་། 2024ལོར“ཕུལ་བྱུང་ཤེས་ལྡན་པ་གཞི་རིམ་དུ་བསྐྱོད་པའི”བྱེད་སྒོ་སྤེལ་ནས་ཚན་རྩལ་དང་། རིག་གནས། ཞིང་འབྲོག་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་192ཁག་ཐེངས་དབྱེ་ནས་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་དང་གཞི་རིམ་གྱི་འཐབ་ས་དང་པོར་འཇོན་ཐང་ལེགས་སྐྱེས་འབུལ་བར་མངགས་པ་དང་། ལས་སྒོའི་མཛུབ་ཁྲིད་དང་། ཆ་སྒྲིག་རོགས་ཁྲིད། དཔེ་སྟོན་སློབ་ཁྲིད་སོགས་ཀྱི་རྣམ་པ་བརྒྱུད་གཞི་རིམ་གྱི་འཐབ་ས་དང་པོའི་ལག་རྩལ་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་དང་སྟོབས་ཆེར་བཏང་ཡོད།
གནད་སྨིན་ཤུགས་འདོན་ལས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།
གཞིས་རྩེ་གྲོང་ཁྱེར་གྱིས“ལས་དོན་ལ་དཔྱད་ཞིབ”དང“མི་སྣར་དཔྱད་ཞིབ”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་འདོམས་ལ་ཤུགས་སྣོན་དང་གཙོ་གནད་བཀོད་གཏོང་བྱས་ཏེ། རྒྱུན་གཏན་གྱི་ལས་རྗེས་ཕྱོགས་བསྡུས་བྱས་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་དུས་མཚམས་རང་བཞིན་གྱི་དུས་ཚོད་ཐིམ་པའི་དཔྱད་ཞིབ་ལེགས་སྒྲུབ་བྱས་པས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དང་རོགས་སྐྱོར་དང་ལེན་བྱེད་མཁན་ཕྱོགས་གཉིས་ཀྱི་ཧུར་སེམས་སྐུལ་སློང་གང་ཐུབ་བྱས་ཡོད།
སྨན་བཅོས་བོད་སྐྱོར་ཐད“རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པ་ཁྲིད་པ”དང“དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ”སོགས་ཀྱི་རྣམ་པ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་། གཤགས་བཅོས་བྱེད་སྟངས་སློབ་པ་དང་། སློབ་ཁྲིད་ནད་ཁང་ཞིབ་བཤེར། དཀའ་གནད་གྲོས་བསྡུར་སོགས་ཀྱི་བྱེད་སྟངས་ཐོག་ནས་སློབ་མ་60ལ་རོགས་ཁྲིད་བྱས་པ་དང་། ས་གནས་དེ་གའི་སྨན་བཅོས་ལས་སྒོའི་རྐང་འཛིན་པས་SCIཡི་དཔྱད་རྩོམ་ཁག་3དང་། ས་གནས་དེ་གའི་སྨན་པས་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་རིམ་པ་བཅས་ཀྱི་ཞིབ་འཇུག་བྱ་གཞི་5རང་ཚུགས་ངང་འདུན་ཞུ་བྱ་རྒྱུར་མཛུབ་ཁྲིད་བྱས་ཡོད། ལོ་སྟོད་དུ《“1+7+13”སྨན་ཁང་གི〈སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་ལོ་གསུམ་གྱི་ལས་ཀའི་འཆར་འགོད〉》བཀོད་གཏོང་དོན་འཁྱོལ་བྱས་ཚུལ་ལ་དམིགས་ཏེ། རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་གི་འཆར་འགོད་བྱེད་ཐབས་དོན་འཁྱོལ་ནུས་ལྡན་དང་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱས་ཡོད།
སློབ་གསོའི་བོད་སྐྱོར་ཐད“ཞིང་ཆེན་གྱིས་སློབ་གྲྭ་འགན་གཙང་ལེན་པའི”ལམ་སྲོལ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས“ཚོགས་པས་ཚོགས་པའི་སྣེ་ཁྲིད་པ”དང“དགེ་རྒན་གྲགས་ཅན་གྱིས་རྐང་འཛིན་པའི་སྣེ་ཁྲིད་པ”སོགས་ཀྱི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ཤེས་ལྡན་པས་མི་111ལ་རོགས་ཁྲིད་བྱ་རྒྱུར་སློབ་གསོ་བརྒྱབ་པ་དང་། སློབ་དཔྱོད་བྱེད་སྒོ་དང་། གསོ་སྦྱོང་འཆད་ཁྲིད། དཔེ་སྟོན་སློབ་ཚན་སོགས་ཐེངས་234སྤེལ་རྒྱུར་མཛུབ་ཁྲིད་བཅས་བྱས་ཡོད།