དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • བོད་ཀྱི་ལེགས་བཤད་བསྟན་བཅོས་ཀྱི་མི་ཆོས་སློབ་གསོའི་རིན་ཐང་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-28

    གངས་རི་ར་བས་ཡོངས་སུ་བསྐོར་ཞིང་རྣམ་དཀར་དགེ་བའི་ལས་ལ་བརྩོན་པའི་ཁ་བ་རི་པའི་སྐྱེ་བོ་རྣམས་ཀྱིས་བགྲང་བྱ་དུ་མའི་སྔ་རོལ་ནས་ཡུལ་གྲུ་གང་སར་ངོམས་སུ་ཆོག་པའི་བཅུ་ཕྲག་རིག་གནས་ཀྱི་བང་མཛོད་ཟད་མཐའ་མེད་པ་ཞིག་ང་ཚོ་ཕྱི་རབས་པའི་བགོ་སྐལ་དུ་བསྩལ་ཅིང་། རྩོམ་རིག་གི་ཞིང་ས་གཤིན་པོར་ལེགས་བཤད་རྩོམ་རིག་གི་པད་དཀར་གྱི་ཆུན་པོ་ཇི་སྙེད་ཅིག་བསྐྲུན་ཡོད།

    ལེགས་བཤད་རྩོམ་རིག་བསྟན་བཅོས་དེ་དག་གི་ནང་དོན་ཐད་ཡོན་ཏན་ལ་བསྟོད་ཅིང་བླུན་རྨོངས་ལ་སྨད་པའི་བསམ་བློ་སྤེལ་བ་དང་། ལས་ལ་བརྩོན་ཅིང་ལེ་ལོ་སྤོང་དགོས་པའི་གནས་ལུགས་བསྟན་པ། རྒན་བཀུར་གཞོན་གཅེས་ཀྱི་ལུགས་བཟང་སྤེལ་བ། འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྱོང་བྱེད་པ། དྲང་བདེན་གྱི་མི་གཤིས་གསོ་སྐྱོང་བྱེད་པ་སོགས་མི་ཆོས་ཀྱི་བསམ་བློ་ངེས་ཅན་ཡོད་པར་སྣང་བས་དེས་སྤྱི་ཚོགས་ཀྱི་རིན་ཐང་ལྟ་ཚུལ་འཛུགས་སྐྱོང་ཐད་སྐུལ་སྤེལ་གྱི་ནུས་པ་ཆེ་ཙམ་ལྡན་པར་མཐོང་བས་འདིར་རང་གི་ལྟ་ཚུལ་འགའ་ཞིག་གླེང་བར་འདོད་དོ།།

    དང་པོ། ཡ་རབས་དྲང་བདེན་ནི་སྐྱེ་བོ་ཞིག་གི་ཆེས་རྩ་བའི་མི་ཆོས་ཤིག་ཡིན་པའི་གནས་ལུགས་བསྟན་པ།

    དྲང་བདེན་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འཕྲོ་བའི་སྲོལ་རྒྱུན་རིག་གནས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ནས་བརྩེ་བ་དང་། དྲང་བདེན། དྲང་མཉམ། དམངས་ལ་ཐུགས་འཁུར། དུས་རབས་དང་མཐུན་པའི་བསམ་བློ་དེ་དག་སྔོག་འདོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་འབྱུང་གཞིར་འགྱུར་དགོས”ཞེས་གསུངས་པ་དང་། ཡ་རབས་དྲང་བདེན་གྱི་བསམ་བློ་ནི་བོད་ཀྱི་སྲོལ་རིག་གནས་སྤྱི་དང་ལྷག་དོན། ལེགས་བཤད་བསྟན་བཅོས་ཀྱི་གལ་ཆེའི་ནང་དོན་ཞིག་ཡིན། ཏུན་ཧོང་གི་ཡིག་ཆ་ལས《ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ》ལས། “གཅུང་པོས་དྲིས་པ། མི་ཆོས་ནི་གང་དང་། མི་ཆོས་མ་ཡིན་པ་ནི་གང་ལགས་སམ། གཅེན་པོས་ལན་དུ། མི་ཆོས་ནི་དྲང་ཞིང་སྲི་ཞུ་ཡོད་པ་དང་། དད་ཅིང་ཡིད་གཞུངས་པ་དང་། སྙིང་རྗེ་ཆེ་ཞིང་བརྙས་བཅོས་མི་བྱེད་པ། བྱས་རྗེས་བརྩི་ཞིང་ཁྲེལ་ཡོད་པ། སེམས་སྲབ་ཅིང་བརྩོན་འགྲུས་ཆེ་བ་བཅས་ཡིན། ཀུན་གྱི་ཡིད་དུ་འོང་ཞིང་ཁྱིམ་སྲིད་བརྟན་པ་ཡིན་ནོ། མི་ཆོས་མ་ཡིན་པ་ནི། རྒྱུད་མི་དྲང་ཞིང་གཏུམ་པ་དང་། ཡིད་མ་བརྟན་ཞིང་ཁྲེལ་དང་རྗེས་མེད་པ། སྙིང་རྗེ་མི་ཤེས་ཤིང་བརྙས་བཅོས་ལ་དགའ་བ། ཁེངས་དྲེགས་བྱེད་ཅིང་ལེ་ལོ་ཆེ་བ་བཅས་ཡིན་ཏེ། འདི་རྣམས་སུ་ལ་ཡོད་ཀྱང་ཡིད་དུ་མི་འོང་བ་ཡིན་པ་མ་ཟད། རང་གཞན་ཀུན་ལ་གནོད་པའི་བྱེད་ལས་ཡིན”ཞེས་པས་རྐུ་དང་རྫུན་དང་ཕྲ་མ་སོགས་སྤངས་བྱར་བསྟན་པ་དང་སྤྱི་ཚོགས་ཐོག་གི་ལས་རིགས་གང་དང་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་། དྲང་པོ་དྲང་བཞག་གིས་ལས་དོན་བསྒྲུབས་ཚེ་རང་གཞན་ཀུན་ལ་ཕན་པ་ཆེ་བའི་གནས་ལུགས་བསྟན་པ་དང་། རྗེ་ས་པན་གྱིས་མཛད་པའི《ལེགས་བཤད་འཕྲུལ་གྱི་དྲ་བ》ལས། “མི་སྤྱང་པོ་དང་མགོ་སྟོང་ལ་ནོར་ས་ཡོད། དྲང་པོ་དང་བླུན་པོ་ལ་ནོར་ས་ཡོད། ཙོད་ཅན་དང་ནོག་པོ་ནོར་ས་ཡོད། བརྫུ་བག་དང་མ་ཤེས་ནོར་ས་ཡོད”ཅེས་གསུངས་པ་ལྟར་དུས་རྒྱུན་གཙོ་བོ་སེམས་བཟང་བྱེད་དགོས་པ་དང་། དྲང་པོ་དྲང་བཞག ལྷག་བསམ་རྣམ་དག་བྱེད་དགོས་པའི་གནས་ལུགས་བསྟན་ཡོད།

    གཉིས་པ། འཆམ་མཐུན་གྱི་སྤྱི་ཚོགས་ཤིག་འཛུགས་དགོས་པའི་གནས་ལུགས་བསྟན་པ།

    དེང་ཤེས་རིག་གི་མ་ལག་ཕུན་སུམ་ཇེ་ཚོགས་ནས་ཇེ་ཚོགས་སུ་སོང་བ་དང་ཆབས་ཅིག་སྤྱི་ཚོགས་ཀྱང་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད། སྤྱི་ཚོགས་ཧྲིལ་པོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་དགོས་ན། མི་དང་མིའི་དབར་འཆམ་མཐུན་བྱེད་དགོས་ལ། མི་དང་རང་བྱུང་ཁམས་དང་། མི་དང་སྤྱི་ཚོགས་བཅས་པར་འཆམ་མཐུན་བྱ་དགོས།

    འཇིག་རྟེན་གྱི་སྐྱེ་བོ་ཐམས་ཅད་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཡིན་པའི་ངོས་ནས་ཕན་ཚུན་བརྩི་འཇོག་དང་ཡང་དག་པའི་འབྲེལ་ལམ་ཞིག་འཛུགས་དགོས་པ་མ་ཟད། སྐྱེ་བོ་སོ་སོའི་འཕེལ་རྒྱས་ཀྱང་ཚོགས་པའམ་སྤྱི་ཚོགས་ཧྲིལ་པོ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན། མི་དང་མི་ཕན་ཚུན་བརྩི་འཇོག་དང་། ཕན་སེམས་ཀྱི་རང་གཤིས་བཟང་པོ་ལྡན་དགོས། 《ས་སྐྱ་ལེགས་བཤད》ལས། “སེམས་ཅན་གཞན་དང་རྗེས་མཐུན་པའི།། སྤྱོད་པ་ཤེས་ན་མཁས་པ་ཡིན།། དུད་འགྲོ་ཡིན་ཡང་རིགས་མཐུན་རྣམས།། ཁྱུ་གཅིག་ཏུ་ནི་མི་གནས་སམ”ཞེས་འཇིག་རྟེན་འདི་ན་མི་ནི་མཐོ་རིམ་སྲོག་ཆགས་དང་དུད་འགྲོ་རྣམས་ནི་དམའ་རིམ་སྲོག་ཆགས་སུ་བརྩི་ཡི་ཡོད་པ་རེད། དེ་ནས་དུད་འགྲོ་རྣམས། ནོར་དང་ནོར་མཉམ་དུ་གནས་པ་དང་། ཤྭ་བ་དང་ཤྭ་བ་མཉམ་དུ་གནས་ཡོད་པས། ཚོགས་པ་དང་ཚོགས་པ། ཁྱུ་དང་ཁྱུ་མཉམ་དུ་གནས་པ་ནི་དངོས་པོའི་ཆོས་ཉིད་ཡིན་པ་དང་། དེར་བརྟེན་སྲོག་ཆགས་མང་ཆེ་བ་ཚོགས་པའམ་ཁྱུ་ཞིག་ལ་བརྟེན་དགོས་ན། ང་ཚོ་སྐྱེ་བོ་རེ་རེ་སྤྱི་ཚོགས་ཤིག་གི་ཆ་ཤས་ཤིག་ཡིན་པའི་ངོས་ནས་སྤྱི་པའི་སྒྲིག་འཛུགས་ཡག་པོ་ཞིག་དང་སྐྱེ་བོ་ཚང་མའི་བདེ་སྐྱིད་ཀྱི་ཆེད་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས། བདེ་སྐྱིད་ཀྱི་འབྱུང་ཁུངས་ནི་མཐུན་སྒྲིལ་དང་། འཆམ་མཐུན། བརྩེ་སེམས་སོགས་ཡིན་པ་ར་སྤྲོད་གནང་ཡོད། 《མི་ཆོས་གནས་ཀྱི་ཕྲེང་བ》ལས“མདོར་ན་མཐོ་བ་ཐམས་ཅད་ཞྭ་བཞིན་ཁུར།། དམའ་བ་རལ་གྲིའི་སོ་བཞིན་ཀུན་ནས་སྐྱོངས།། མཉམ་པ་སྨོས་དོར་བཞིན་དུ་དགའ་བར་གྲོགས།། བྱ་བ་གང་ལའང་རང་འདོད་ཆུང་བར་མཛོད”ཞེས་མི་དང་མིའི་དབར་བརྩི་འཇོག་བྱ་རྒྱུ་དེ་ནི་སྔོན་ཆད་ཙམ་མ་ཟད། དེང་གི་དཔལ་ཡོན་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ཞིག་ཏུ་གྲུབ་ཡོད།

    གསུམ་པ། ཤེས་རབ་ནི་སྟོབས་ཤུགས་ཡིན་པའི་མི་ཆོས་ཀྱི་གནས་ལུགས་བསྟན་པ།

    འགྲོ་བ་མིའི་འཇིག་རྟེན་ནི་འགྲན་རྩོད་ཀྱིས་གྲུབ་པའི་སྤྱི་ཚོགས་ཤིག་ཡིན་ཏེ། གནའ་དུས་ཙམ་མ་ཟད། དུས་ད་ལྟའང་རྒྱལ་ཁབ་དང་རྒྱལ་ཁབ་བར་ཡིན་ནའང་འདྲ། མི་དང་མིའི་བར་ཡིན་ནའང་འདྲ། རྣམ་པ་ཀུན་ཏུ་འགྲན་རྩོད་ཀྱིས་ཁེངས་ཡོད། འགྲན་རྩོད་ཀྱི་རྒྱལ་ཕམ་ནི་མི་གྲངས་མང་ཉུང་ལ་ཐུག་མེད་པར། རྒྱལ་ཁབ་བམ་མི་རིགས་དེར་ཤེས་ཡོན་ཅན་གྱི་སྐྱེ་བོ་ཡོད་མེད་ལ་ཐུག་ཡོད། 《ས་སྐྱ་ལེགས་བཤད》ལས“ཤེས་རབ་མེད་པའི་ལོངས་སྤྱོད་ཀྱང་།། ཕལ་ཆེར་རང་ལ་ཕན་པ་ཉུང་།། འདོད་འཇོའི་བ་ཡི་འོ་མ་ཡང་།། བེའུས་འཐུང་བ་བརྒྱ་ལམ་ཡིན”ཞེས་པ་ལྟར་སྐྱེ་བོ་བློ་གྲོས་ཀྱི་རྩལ་དང་མི་ལྡན་པ་བཟང་ངན་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་ཕོངས་པ་ཞིག་ཡིན་ན། དེ་ལ་ནོར་ལོངས་སྤྱོད་ཇི་ལྟར་རྒྱས་ཤིང་ཕུན་སུམ་ཚོགས་པ་ཞིག་ཡོད་པར་གྱུར་ཀྱང་རང་གི་བདག་པོ་རང་ཉིད་ལ་ཕན་པ་ཕལ་ཆེར་མེད་པའམ་ཡོད་ཀྱང་ཤིན་ཏུ་ཉུང་བ་ཡིན་ཏེ། དཔེར་ན། འདོད་འཇོའི་བ་མོ་ནི་འདོད་པ་གཞན་ལ་འདོད་པ་ཐམས་ཅད་སྟེར་བར་བྱེད་པའི་བྱེད་པོར་བསྙོན་དུ་མེད་ཀྱང་རང་ལ་ཕན་པར་འགྱུར་བ་ཅི་ཡང་མི་འབྱུང་བ་སྟེ། འདོད་པ་མང་པོ་ནི་ལྟ་ཅི། རང་གི་བེའུའི་བཏུང་བསྐལ་དུ་ཐོབ་པ་རང་གི་ལུས་ལས་བསྐྱེད་པའི་འོ་མ་དེ་ཡང་གཞན་གྱིས་བླངས་བར་སོང་ནས་རང་གི་བེའུའི་ཁ་ལ་ཐོབ་པའི་གོ་སྐབས་ཧ་ཅང་དཀོན་པ་ཡིན་པ་ལྟར་བློ་གྲོས་ཀྱི་རྩལ་མི་ལྡན་པའི་སྐྱེ་བོ་ནི་རྨོངས་ཚོད་ཀྱིས་ལས་ལ་འཇུག་པས་ན་འབྲས་བུ་ངན་པ་ཞིག་ཐོབ་ངེས་ཏེ། 《རྒྱལ་པོ་ལུགས་ཀྱི་བསྟན་བཅོས》ལས། “བློ་དང་བརྩོན་པའི་སྟོབས་ལྡན་ན།། ཕ་རོལ་གནོན་ལ་དཀའ་བ་ཅི།། དགྲ་ངན་དཔུང་ཚོགས་བཅུ་གཉིས་པོ།། སྐྱ་སེང་བུ་ཡིས་བཅོམ་པ་བཞིན།། སྟོབས་མེད་གྱུར་ཀྱང་ཤེས་རབ་ཀྱིས།། སྲུང་མཁས་གྱུར་ན་གནོད་མི་ནུས།། རི་བོང་གིས་ནི་གླང་ཆེན།། བསྐྲད་ཅིང་སེང་གེ་བསད་པ་བཞིན”ཞེས་རྒྱལ་ཁབ་དང་མི་རིགས་གང་དེར་བློ་གྲོས་དང་བརྩོན་འགྲུས་ལྡན་པའི་སྐྱེ་བོ་གང་ཙམ་ཡོད་ན། ཕ་རོལ་གྱི་དགྲ་བོ་དག་སྟོབས་ཆེན་གང་འདྲ་ཡིན་ནའང་དུས་ཐུང་ཞིག་ལ་བཅོམ་ཐུབ་ངེས་ལ། དཔེར་ན། སྐྱ་སེང་གི་བུ་ལྔས་ཐབས་དང་བློ་གྲོས་ལ་བརྟེན་ནས་ཕ་རོལ་གྱི་སྟོབས་ཆེན་དགྲ་བོ་བཏུལ་བ་དང་། རང་ཉིད་གྲངས་ཉུང་བ་དང་རྒྱུ་ནོར་ལོངས་སྤྱོད་སོགས་ཀྱི་སྟོབས་མེད་ཀྱང་ཤེས་རབ་དང་བློ་གྲོས་ལྡན་ན། གཞན་གྱི་དགྲ་བོས་གནོད་པ་བྱེད་མི་ཐུབ་པས་ང་ཚོས་མིའི་ཤེས་རབ་ཡར་རྒྱས་གཏོང་དགོས་པ་དང་། ཤེས་རབ་ནི་སྟོབས་ཤུགས་ཤིག་ཡིན་ལ། མི་རིགས་དར་རྒྱས་གཏོང་བ་དང་རྒྱལ་ཁབ་སྟོབས་འབྱོར་དང་ལྡན་པར་བྱེད་པའི་འགུལ་ཤུགས་ཤིག་ཀྱང་ཡིན་པའི་གནས་ལུགས་བསྟན་ཡོད།

    མདོར་ན། བོད་ཀྱི་ལེགས་བཤད་བསྟན་བཅོས་ཁྲོད་དུ་སྐྱེ་བོ་ཞིག་གི་ཆེས་རྩ་བའི་ཀུན་སྤྱོད་ཀྱི་ཚད་གཞི་ནི་དྲང་བཞག་ཡིད་རྟོན་དང་། འཆམ་མཐུན་སྤྱི་ཚོགས་ཞིག་ཇི་ལྟར་འཛུགས་སྐྱོང་བྱེད་པ་དང་གཞན་ཕན་གྱི་བསམ་བློ་ཇི་ལྟར་བསྐྱེད་ཚུལ་སོགས་བསྟན་ཡོད་ཅིང་། དེ་དག་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་། ཚན་རིག་དང་མཐུན་པའི་དགོངས་པ། མི་དམངས་ལྟེ་བར་བཟུང་བའི་འཕེལ་རྒྱས་ཀྱི་དགོངས་པ་བཅས་དང་མཐུན་པ་མ་ཟད། ལེགས་བཤད་དེ་དག་གི་ནང་དོན་ཕལ་ཆེ་བར་གནའ་བཟང་དེང་སྤྱོད་ཀྱི་བེད་སྤྱོད་ཀྱི་རིན་ཐང་དང་། རྒྱུན་འཛིན་གྱི་རིན་ཐང་། ཁྱབ་སྤེལ་གྱི་རིན་ཐང་སོགས་ལྡན་ཞིང་། འགྲོ་བ་མིའི་རིགས་ལ་ཤེས་རིག་གི་རྒྱགས་ཕྱེ་ལེགས་པོ་ཞིག་བསྩལ་ཡོད་པ་ར་སྤྲོད་བྱེད་ཐུབ།

    (ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སྐད་ཡིག་ཚན་ཁག་བོད་ཡིག་སློབ་དཔྱོད་ཁང་གི་ཚེ་རིང་དོན་གྲུབ་ཀྱིས)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།