དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • ཁྱིམ་ཚང་སློབ་གསོའི་གནད་དོན་ལས་འཕྲོས་པའི་བསམ་གཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-22

    སློབ་གསོ་ཞེས་པ་ནི་འགྲོ་བ་མིའི་རིགས་ཀྱི་དམིགས་ཡུལ་ངེས་ཅན་འོག་མི་སྣ་སྐྱོང་བའི་བྱ་གཞག་ཅིག་ཡིན་ཞིང་། སྒྲ་ཡང་འཇུག་གི་དབང་དུ་བཏང་བའི་སློབ་གསོ་ནི་མིའི་རིགས་ཀྱི་ཤེས་བྱ་དང་ནུས་རྩལ་རྒྱུད་སྤྲོད་དང་། རིག་སྟོབས་འཕེལ་ཅིང་བསམ་བློའི་ལྟ་བར་ཤུགས་རྐྱེན་ཐེབས་པའི་བྱ་འགུལ་ཞིག་ཡིན། དེ་ལའང་དབྱེ་ན། སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་གི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་གསུམ་ཡོད་ལ་དེ་དག་བར་གྱི་འབྲེལ་བའང་གཅིག་ལ་གཅིག་རྟེན། ཆུ་དང་ཉ་མོ། ལྕམ་དང་གདུང་མ། གཡས་གཞོགས་གཡོན་འདེགས་ལྟར་ཆགས་ཡོད། མ་གཞི་སློབ་མ་ཡང་དག་པར་སྐྱོང་བར་དགེ་རྒན་ཡང་དག་དགོས་གསུངས་ཀྱང་། རྒྱུན་གཏན་འཚོ་བའི་ཁྲོད་དུ་ཕ་མའི་བསམ་སྤྱོད་ལེགས་ཉེས་གང་རུང་ལས་རང་གི་ཕྲུ་གུའི་ཕྱོགས་ཀུན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པས། འདིར་ཁྱིམ་ཚང་གི་སློབ་གསོའི་གནས་སྟངས་དང་གལ་ཆེན་རང་བཞིན་སྐོར་རགས་ཙམ་གླེང་བ་ལ།

    དང་པོ། ཁྱིམ་ཚང་སློབ་གསོའི་གནད་དོན་འགའ་ཞིག

    སྨྱུག་འཛིན་པས་དུས་ཡུན་རིང་པོར་སློབ་གྲྭའི་འཛིན་བདག་གི་ལས་ཀ་དང་སློབ་གསོ་སློབ་ཁྲིད་ཀྱི་ལས་ལ་གཞོལ་བ་ཡིན། ལོ་མང་གི་སློབ་གསོའི་ལས་ཀའི་ཁྲོད་དུ་ཁྱིམ་ཚང་གི་རྐྱེན་གྱིས་སློབ་མ་རེ་གཉིས་ལ་ངོ་ཟློག་གི་བསམ་པ་ཧ་ཅང་གསལ་བ་དང་། སློབ་མ་ཁག་གཅིག་སྦྱང་བྱའི་དོན་ལ་ནན་ཏན་མི་བྱེད་པ། ཡང་འགའ་ཤས་རྟག་ཏུ་སློབ་བྱོལ་དུ་འགྲོ་བ་སོགས་ཀྱི་གནས་ཚུལ་ཡང་ཡང་ཐོན་པས། སློབ་མ་རྣམས་སྐྱོན་བྲལ་བདེ་ཐང་ངང་འཚར་ལོངས་ཡོང་ཆེད་ཁྱིམ་ཚང་གི་སློབ་གསོའི་གནས་སྟངས་དང་ཁྱིམ་ཚང་སློབ་གསོའི་དོན་དག་ལ་མནོ་བསམ་ཞིབ་མོ་གཏོང་བ་ནི་འགག་རྩ་ཞིག་ཏུ་གནས། དེས་མ་ཚད་ཡོད་ཚད་སློབ་གྲྭ་ཁོ་ནར་བཅོལ་བའི་བསམ་བློའི་འཆིང་རྒྱ་ལས་གྲོལ་ཏེ་སློབ་གྲྭ་དང་ཁྱིམ་བདག་ཕྱོགས་གཉིས་ནས་ཕྱར་བ་གྲུ་འདེགས་དང་གཡས་གཞོགས་གཡོན་འདེགས་ཀྱི་སློབ་གསོའི་མཁའ་དབུགས་ཡག་པོ་ཞིག་ཆགས་པ་ནི་སློབ་གསོ་ལེགས་གྲུབ་ཡོང་མིན་གྱི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པར་བསམས།

    གཅིག ཁྱིམ་བདག་གི་སློབ་གསོའི་འདུ་ཤེས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་ཀུན་སྤྱོད་བཟང་པོ་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ་སློབ་གསོའི་རྩ་བའི་ལས་འགན་དུ་བཟུང་ནས་མཐའ་འཁྱོངས་བྱེད་་དགོས་ཞེས་གསུངས་པ་ལྟར། སློབ་གསོ་གཉེར་བའི་དམིགས་ཡུལ་ནི་སྐར་གྲངས་ཀྱི་མཐོ་དམའ་ཁོ་ནར་གཞིགས་ནས་སློབ་མའི་ཡོད་ཚད་ལ་གདེང་འཇོག་བྱེད་པ་ཞིག་མིན་པར་སློབ་མའི་ཀུན་སྤྱོད་དང་བསམ་བློ། ལུས་རྩལ་སོགས་ཕྱོགས་ཡོངས་ནས་གོང་མཐོར་གཏོང་བའི་ཡང་དག་པའི་སློབ་གསོའི་དམིགས་ཡུལ་ཡངས་པོ་དེ་རེད། ཡིན་ན་ཡང་། སྨྱུག་འཛིན་པས་སློབ་བྱོལ་དུ་སོང་བའི་སློབ་མའི་ཁྱིམ་དུ་རྟོག་ཞིབ་ཏུ་བསྐྱོད་དེ་གནས་ཚུལ་རྒྱུས་ལོན་བྱེད་སྐབས། ཁྱིམ་བདག་ཁག་གཅིག་གིས་ཕྲུ་གུ་མཐོ་འབྲིང་དུ་ཚུད་ཐུབ་པར་དགེ་རྒན་དང་སློབ་གྲྭས་ཁག་ཐེག་བྱས་ཚེ་ད་གཟོད་སློབ་གྲྭར་གཏོང་ཆོག་པ་དང་། གལ་ཏེ་དེ་འདྲ་ཁས་ལེན་མི་ཐུབ་ན་ཕྲུ་གུ་ཕྱིར་གླ་པར་གཏོང་རྒྱུ་ཡིན་ཞེས་ཆ་རྐྱེན་སྣ་ཚོགས་བཏོན་ཡོང་། དེ་ལྟ་བུའི་འདུ་ཤེས་ཆགས་དོན་ལ། གཅིག་ནས་ཁྱིམ་བདག་གིས་སློབ་གྲྭའི་སློབ་གསོར་རྒྱུས་མངའ་མེད་པ་དང་། སློབ་གྲྭར་བསྐྱལ་ན་ངེས་པར་དུ་མཐོ་འབྲིང་ངམ་སློབ་ཆེན་དུ་ཚུད་དགོས་པ་ཙམ་དུ་བསམ་པ་ཡིན། གཉིས་ནས་སློབ་གྲྭའི་སློབ་གསོ་ལས་ཕྲུ་གུའི་རྒྱུད་ལ་ཤེས་བྱ་ཡོན་ཏན་འབྱོར་ནས་རང་ཉིད་ཀྱི་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་པའི་མིག་རྒྱང་རིང་པོ་མེད་པར་རག་ལུས། དེ་བས་ཁྱིམ་ཚང་སློབ་གསོ་ལས་ཁྱིམ་བདག་གི་སློབ་གསོའི་ལྟ་བའང་དུས་ཐོག་ཏུ་འགྱུར་ལྡོག་གཏོང་དགོས།

    གཉིས། ཕ་མ་གཅིག་ཅན་གྱི་ཁྱིམ་ཚང་སློབ་གསོ།

    དེ་ཡང་། བོད་ཀྱི་ཁ་དཔེ་ལ། དཔའ་བོའི་དཔའ་གྲལ་མི་ཞིག་ན། ཕྱི་གེ་སར་དམག་ལ་སྐྲག་མི་དགོས་ཞེས་དང་། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་གྲུབ་ཅེས་བཤད་པ་ལྟར་གཤིས་རྒྱུད་ལེགས་པོ་ཞིག་ཆགས་ཐུབ་མིན་ནི་ཁྱིམ་ཚང་གི་གནས་སྟངས་དང་ཐད་ཀར་འབྲེལ་བ་ཡོད་ན་ཡང་། དེང་སང་ཁྱིམ་ཚང་ཁག་གཅིག་གཉེན་ཐོར་སླ་བ་དང་། ཡང་ན་རྒྱུ་རྐྱེན་གཞན་དབང་གིས་སློབ་མར་ལྟ་སྐྱོང་བྱེད་མཁན་ཕ་མ་གཉིས་ལས་གཅིག་མ་གཏོགས་མེད་པའི་སྣང་ཚུལ་བྱུང་དང་འབྱུང་བཞིན་པས། སློབ་མ་ཁག་གཅིག་སོ་སོའི་རང་ཁྱིམ་དུ་སྡོད་སྐབས་རྩེད་མོ་རྩེད་རོགས་དང་། སྙིང་གཏམ་ཤོད་ས། ལས་ཀ་ལས་རོགས་སོགས་པ་ཕའམ་ཨ་མ་གཅིག་ལས་མེད་པས། བུ་ཕྲུག་གི་སེམས་ཁམས་བདེ་ཐང་ལ་གནོད་པ་དང་། ཕྲུ་གུའི་བསམ་བློ་ཀུན་སྤྱོད་སོགས་གང་ས་ཅི་ཐད་ལ་ལྟ་རྟོག་ཡག་པོ་མི་ཐུབ་པ་སོགས་ཀྱི་དབང་གིས་ཕ་མ་གཅིག་ཅན་གྱི་སློབ་མ་མང་པོའི་སློབ་སྦྱོང་གི་སྤྲོ་བ་ཉམས་པ་དང་། རྟག་ཏུ་རྣམ་གཡེང་གི་དབང་ནས་དུས་འདའ་བར་བྱེད་པ་སོགས་ཀྱི་སྤྱོད་ཚུལ་མི་ལེགས་པ་རྒྱུད་ལ་འཇགས་ཤིང་ག་ལེར་གོམས་གཤིས་སུ་ཆགས་པའི་ཉེན་ཁ་ཡོད།

    གསུམ། གཞིས་ལུས་ཀྱི་ཁྱིམ་ཚང་སློབ་གསོ།

    གཞིས་ལུས་སློབ་མ་ཞེས་པ་ནི་ཕ་མ་གཉིས་པོ་ཕྱི་རོལ་ཏུ་ཡོང་འབབ་གསོག་ཏུ་ཕྱིན་ཏེ་བུ་ཕྲུག་སྤོ་བོ་དང་རྨོ་བོ་སོགས་རྒན་འཁོགས་ནས་གསོ་སྐྱོང་བྱེད་པ་ལ་ཟེར་ཞིང་། ཕྲུ་གུར་གཅེས་དྲགས་པས་རྒན་འཁོགས་ནས་བུ་ཕྲུག་གི་འདོད་པ་ལྟར་གང་དགོས་སྟེར་རྐྱང་དང་། གང་འདོད་སྤྲོད་རྐྱང་བྱེད་པ་ཡིན། དེས་བུ་ཕྲུག་ལངས་ཤོར་དུ་ཕྱིན་ཏེ་དྲིན་གསོའི་འདུ་ཤེས་མེད་ལ་རང་གཅུན་གྱི་བསམ་པ་ནི་དེ་བས་ཀྱང་ཉག་ཕྲ། དེ་ལྟ་བུའི་སློབ་མ་དུས་ཐོག་ཏུ་ལེགས་ལམ་དུ་མ་ཁྲིད་ན་རིམ་བཞིན་སློབ་སྦྱོང་གི་བསམ་པ་ཡོངས་སུ་ཉམས་པ་མ་ཟད། ལོག་ལམ་དུ་ལྷུང་ནས་རང་ཉིད་གང་སྐྱིད་ཁོ་ན་དོན་དུ་གཉེར་ཞིང་། ཡུལ་དུས་གང་ཡིན་ཡང་རང་གཅིག་པུ་གཙོར་བཟུང་ནས་སྤྱི་བསམ་དབེན་པར་འགྱུར་ཉེན་ཆེ་བ་ཡིན། དེ་བས་ཕ་མས་རྟག་ཏུ་ཁྱིམ་དུ་མེད་ཀྱང་ཁ་པར་སོགས་བརྒྱུད་ནས་ཕྲུ་གུར་ལྟ་རྟོག་གང་ལེགས་བྱེད་དགོས་པ་མ་ཟད། རྒན་རྒོན་ཚོར་ཡང་ཕྲུ་གུ་གཅེས་ལང་ལ་གཏོང་མི་རུང་བའི་མངགས་བཅོལ་བྱེད་དགོས།

    གཉིས་པ། ཁྱིམ་ཚང་སློབ་གསོ་ནི་སློབ་གསོའི་སྔོན་འགྲོ་དང་ནང་དོན་གལ་ཆེན་ཡིན།

    ཁྱིམ་ནི་ཕྲུ་གུ་འཚར་སའི་ཁོར་ཡུག་ཐོག་མ་ཡིན་ལ། སློབ་མའི་ཟ་ལུགས་དང་འགྲོ་ལུགས། སྡོད་ལུགས། དེ་བཞིན་བསམ་བློ་དང་ཀུན་སྤྱོད། མི་གཤིས་སོགས་ཡང་དག་ཆགས་སའི་ཆེས་ཐོག་མའི་ཞིང་ས་ཡང་ཡིན་པས། ཁྱིམ་གྱི་ཁོར་ཡུག་ལས་ཕྲུ་གུར་ཐེབས་པའི་ཤུགས་རྐྱེན་ནི་བླ་ན་མེད་པ་ཞིག་རེད། མ་གཞི་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་གོང་དུ་འཕེལ་བར་ངེས་པར་དུ་ཡང་དག་པའི་སློབ་གྲྭའི་སློབ་གསོར་བརྟེན་དགོས་པ་ནི་བསྙོན་དུ་མེད་ཀྱང་། སློབ་གསོའི་ལས་དོན་གོང་དུ་སྤེལ་བར་ཡོད་ཚད་སློབ་གྲྭའི་སློབ་གསོ་ཁོ་ནར་བརྟེན་ན་འགྲིག་ཐབས་མེད་པས། ཁྱིམ་ཚང་དང་སྤྱི་ཚོགས་ཀྱིས་གཡས་གཞོགས་གཡོན་འདེགས་བྱེད་དགོས་ཤིང་། ལྷག་པར་དུ་ཁྱིམ་ཚང་གི་སློབ་གསོར་མཐོང་ཆེན་བྱེད་དགོས། སློབ་གསོའི་བརྒྱུད་རིམ་ཡོངས་ལས་ཁྱིམ་ཚང་སློབ་གསོ་ནི་ཆེས་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཅེས་བརྗོད་ཀྱང་མི་འཚམ་པ་མེད་དེ། ཁྱིམ་ཚང་སློབ་གསོ་ནི་སློབ་གསོའི་གོམ་པ་དང་པོ་དེ་ཡིན་ཞིང་། སློབ་མའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་རྨང་གཞི་འདིང་ས་ཡང་ཡིན་ཕྱིར། ཁྱིམ་བདག་གིས་འདུ་ཤེས་བསྒྱུར་ནས་ཁྱིམ་ཚང་སློབ་གསོའི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས།

    ཡང་དག་པའི་ཁོར་ཡུག་འོག་ཏུ་ཕྲུ་གུ་ཡ་རབས་ཞིག་སྐྱོང་ཐུབ་པ་ནི་ལྡོག་དུ་མེད་པའི་ཆོས་ཉིད་ཡིན། རྒྱུན་གཏན་འཚོ་བའི་ཁྲོད་དུ་ཕ་མས་རང་དཔེ་གཞན་སྟོན་དང་ངང་རྒྱུད་རིང་པོས་ཕྲུ་གུར་སློབ་གསོ་གཏོང་དགོས་ཏེ། ལེགས་བཤད་འཕྲུལ་གྱི་དྲ་བ་ལས། བྱམས་དྲགས་པ་བུ་ལའང་མི་བྱེད། སྲོལ་དུ་མི་ཚུད་པ་ཡིན་ཞེས་དང་། སྙིང་དུ་བུ་ཚ་སྡུག་ཀྱང་ཉེས་འདུག་ན་རྒོལ་དང་། ཕུགས་སུ་བྱམས་པ་ཡིན་ཞེས་གསུངས་པ་བཞིན་རང་གི་ཕྲུ་གུར་བྱམས་རྩུབ་ཟུང་འབྲེལ་བྱེད་པ་ནི་ཆུང་དུས་ནས་མི་གཞི་སྲོང་བའི་རྩ་བ་ཡིན་ལ། ཕ་མ་དང་བུ་ཕྲུག་གི་བརྩེ་བ་ཟབ་ཏུ་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་རེད། ཁྱིམ་ཚང་ནི་བུ་ཕྲུག་གི་རྟེན་ས་དང་ཞེན་ས་ཡིན་ལ་སློབ་མའི་བདེ་སྡུག་བརྗོད་སའི་གནས་གཅིག་པུ་དེ་ཡང་ཡིན། གནས་དེ་ནས་སློབ་མའི་རིག་པ་འཕེལ་ཞིང་གནས་དེ་ནས་སློབ་མའི་ཤེས་རྒྱ་འཕེལ་སྲིད། རྒྱུ་མཚན་ནི་ཕ་མ་མཚན་ཉིད་ཚང་བ་ཞིག་གིས་བུ་ཕྲུག་སྐྱོང་དུས་ཡོད་ཚད་རང་གི་སྟེར་རྐྱང་དང་། རང་གི་འདོན་རྐྱང་མེད་པར་སློབ་མར་རང་གསོ་རང་རྟེན་གྱི་བསམ་པ་འཛུགས་སྐྱོང་བྱས་ནས་བྱ་བ་ལ་འཇུག་པའི་ཐབས་སྩོལ་བ་ཡིན།

    ཇི་སྐད་དུ། དུས་སུ་དགྲ་དང་འདུམ་པར་བྱ། །དུས་སུ་བཤེས་དང་འཐབ་པར་བྱ། །བྱ་དང་མི་བྱའི་ཚོད་ཤེས་པས། །མཁས་པས་དུས་ནི་འདའ་བར་བྱ་ཞེས་གསུངས་པ་ལྟར། སློབ་མའི་བསམ་བློའི་ཁ་ཕྱོགས་དང་སློབ་སྦྱོང་གི་རྣམ་འགྱུར། དེ་བཞིན་སློབ་མའི་འགྲོ་འདུག་སྤྱོད་གསུམ་ལ་དོ་སྣང་ཡག་པོ་བྱས་ཏེ། ཡང་དག་པའི་སློབ་གསོའི་འགྲོ་ཕྱོགས་ལ་བསྟུན་གང་ཐུབ་བྱ་རྒྱུ་ནི་ཁྱིམ་ཚང་སློབ་གསོའི་ལས་དོན་གལ་ཆེན་ཞིག་ཡིན། “སློབ་མར་ཤ་ཚ་རྒྱུ་ནི་ཆེས་གལ་ཆེ་ལ། སློབ་མར་ཤ་ཚ་ཤེས་པ་ནི་དེ་བས་ཀྱང་གལ་ཆེ”བས་སློབ་མ་སློབ་གྲྭར་སོང་ན་ཡོད་ཚད་ཀྱི་འགན་འཁྲི་སློབ་གྲྭར་ཡོད་པའི་འདུ་ཤེས་དང་། སློབ་མར་གནད་དོན་བྱུང་ཚེ་ཡོད་ཚད་སློབ་གྲྭར་ལན་པའི་ཁ་དཀྲི་འདོགས་སྟངས་སོགས་རིང་དུ་སྤངས་ཏེ། སློབ་མར་ཡང་དག་པའི་ཁྱིམ་ཚང་གི་དྲོད་ཁོལ་ཞིག་དང་བློ་གཏད་སེམས་གཏད་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཐུབ་པར་བྱ་རྒྱུ་ནི་སྤྱི་ཚོགས་ཧྲིལ་པོའི་ཁྱིམ་ཚང་མི་རེ་ངོ་རེའི་ཕྲག་ཐོག་ཏུ་བབས་པའི་འོས་འགན་ཞིག་རེད།

    (ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སློབ་འབྲིང་གི་དགེ་རྒན་ཀརྨ་དཔལ་ལྡན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།