བོད་ལྗོངས་སློབ་ཆེན་གྱི་སློབ་གསོ་གྲོང་གི་སློབ་ཁུལ་འཛུགས་སྐྲུན་རྣམ་གྲངས་ཀྱི་རྩིག་རྨང་འདིང་བའི་མཛད་སྒོ་འཚོགས་པ།
སུན་ཤན་ཀྲུང་གིས་ཤིས་ཚིག་གསུངས་པ་དང་འབྲེལ་རྣམ་གྲངས་ལས་འགོ་འཛུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ།
ཚེས་18ཉིན་གྱི་སྔ་དྲོར། བོད་ལྗོངས་སློབ་ཆེན་གྱི་སློབ་གསོ་གྲོང་གི་སློབ་ཁུལ་འཛུགས་སྐྲུན་རྣམ་གྲངས་ཀྱི་རྩིག་རྨང་འདིང་བའི་མཛད་སྒོ་འཚོགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཤན་ཀྲུང་གིས་ཤིས་ཚིག་གསུངས་པ་དང་འབྲེལ་རྣམ་གྲངས་ལས་འགོ་འཛུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།
སུན་ཤན་ཀྲུང་གིས་སློབ་གྲྭའི་ཚབ་ཞུས་ནས་སློབ་གྲྭ་འཕེལ་རྒྱས་དང་ལྷག་པར་དུ་སློབ་ཁུལ་གསར་པ་འཛུགས་སྐྲུན་ལ་སྔ་ཕྱི་བར་གསུམ་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་འགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཚོར་བླ་ན་མེད་པའི་གུས་འདུད་ཞུས་པ་དང་ཆབས་ཅིག ཁོང་གིས“སློབ་གྲྭས་འགོ་འཛུགས་ས་མཐོ་བའི་འཆར་འགོད་དང་། ཆུ་ཚད་མཐོ་བའི་ཇུས་འགོད། ཚད་གཞི་མཐོ་བའི་འཛུགས་སྐྲུན་བཅས་མཐའ་འཁྱོངས་བྱས་ནས་སློབ་གྲྭ་ཡོངས་སུ‘བསམ་ཇུས་གཅིག’གི་བསམ་བློ་བརྟན་པོ་འཛུགས་པ་དང‘འཆར་གཞི་གཅིག་མཐར་ཕྱིན་བསྒྲུབ་རྒྱུ’མཐའ་འཁྱོངས་ཀྱིས་སྤྱི་ཡོངས་ཀྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། འགན་འཁུར་བའི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་དེང་རབས་ཅན་དང་། སྤུས་ཚད་མཐོ་བ། དཔེ་སྟོན་རང་བཞིན་ལྡན་པ་བཅས་ཀྱི་སློབ་ཆེན་སློབ་ཁུལ་ཧུར་ཐག་བསྐྲུན་རྒྱུ་དང་འབྲེལ། ལོ་རྒྱུས་ཀྱི་ཉམས་སད་ཐེག་པའི་སྤུས་ལེགས་ལས་གྲྭ་དང་། བདེ་འཇགས་ལས་གྲྭ། སྤྱོད་གཙང་ལས་གྲྭ། རྩེར་སོན་ལས་གྲྭ་བཅས་ཧུར་ཐག་གཏོད་ཀྱི་ཡིན”ཞེས་གསུངས་པ་རེད།