དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།
  • གསར་འགྱུར་ཡིག་སྒྱུར་ལས་དོན་ནང་ཐ་སྙད་གསར་པ་འཕྲད་སྐབས་འཚོལ་འདོགས་གཡར་གསུམ་གྱི་སྒྱུར་རྩལ་སྤྱོད་ཕྱོགས་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-13

    དེང་གི་དུས་ན། འཛམ་གླིང་ཀུན་ཏུ་ཆ་འཕྲིན་གསར་པ་དང་། ཤེས་བྱ་གསར་པ། བྱ་དངོས་གསར་པ། ལག་རྩལ་གསར་པ། མཉེན་ཆས་གསར་པ་སོགས་དར་ཆེ་བའི་དུས་སྐབས་ཤིག་ཡིན་པས། དེ་བསྟུན་གསར་འགྱུར་ཡིག་སྒྱུར་ལས་དོན་ནང་ཐོན་པའི་མིང་བརྡ་གསར་པ་ཡང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ཇི་བཞིན་ཉིན་རེ་ལས་ཉིན་རེ་མང་དུ་འགྲོ་བ་ནི་ང་ཚོའི་མིག་ལམ་དུ་ཐོན་པའི་མིག་མཐོང་ལག་ཟིན་གྱི་བྱ་བ་ཞིག་ལགས། དཔྱད་གཞི་ལས་གསལ་བར་གཞིགས་ན། ད་ལྟ་བོད་ཡུལ་དུ་ཐོན་བཞིན་པའི་མིང་བརྡ་གསར་པ་ལོ་རེར་བཞི་སྟོང་ཙམ་ཟིན་ཡོད་སྐད། ལྷག་པར་ད་ལྟའི་གསར་འགྱུར་ཡིག་སྒྱུར་ལས་དོན་ནས་བརྗོད་ན། ཐ་སྙད་གསར་པ་ནི་ཉིན་རེའི་ཡིག་སྒྱུར་ལས་དོན་ནང་འཕྲད་མང་ཤོས་དང་། དཀའ་ཁག་ཆེ་ཤོས། འཁྲུལ་འཛོལ་སླ་ཤོས་ཀྱི་དོན་བྱ་ཞིག་ཡིན་པས་ན། གསར་འགྱུར་ཡིག་སྒྱུར་ལས་དོན་པ་ཚོས་ཐ་སྙད་གསར་པ་རྣམས་རང་སྐད་དུ་བསྒྱུར་བ་ལ་འཚོལ་འདོགས་གཡར་གསུམ་གྱི་སྒྱུར་རྩལ་རྩ་དོན་སྤྱོད་ཐབས་ལ་དོ་སྣང་དགོས་པའི་ཐད་རང་ཉིད་ཀྱི་མྱོང་བྱའམ་བསམ་གཞི་ཐོར་བུ་གླེང་བར་བྱའོ།

    གཅིག མིང་བརྡའི་གཏེར་ཁ་སྔོག་འཚོལ་ལས་ལ་བརྩོན་དགོས།

    དཔལ་འབྱོར་དང་སྤྱི་ཚོགས་དར་འཕེལ་འགྲོ་བ་དང་བསྟུན་ནས་སྔར་མེད་ཀྱི་བརྡ་དང་ཐ་སྙད་ཀྱང་མང་པོ་ཞིག་གསར་དུ་ཐོན་བཞིན་ཡོད། གསར་འབྱུང་གི་ཐ་སྙད་དེ་རྣམས་ལོ་ཙཱ་བརྒྱུད་ནས་རང་སྐད་དུ་ཡང་དག་པར་འདྲེན་པ་ནི་ཡིག་སྒྱུར་ལས་དོན་པའི་ལས་འགན་ཞིག་རེད་ལ་འགན་འཁྲི་ཡང་ཡིན། དེ་ཡང་མིང་བརྡ་སྔོག་འཚོལ་བྱེད་པའི་ནང་རིགས་གཉིས་ཙམ་ཕྱིས་ཏེ། གཅིག་ནི་བསྒྱུར་བྱའི་མིང་དེས་མཚོན་པའི་བྱ་དངོས་དེའི་རིགས་སྔོན་ཆད་བོད་ཡུལ་དུ་བྱུང་མྱོང་མེད་པ་མ་ཟད་དེ་དོན་སྤྱི་ཡོངས་སུ་མཚོན་ནུས་པའི་ཐ་སྙད་ཀྱང་ལོ་རྒྱུས་སྟེང་དངོས་སུ་བྱུང་མྱོང་ཡོད་རུང་། རྒྱུ་རྐྱེན་དུ་མའི་དབང་གིས་དུས་ད་ལྟ་མིང་དེ་དག་རྒྱུན་སྤྱོད་མ་བྱས་པའི་རྐྱེན་གྱིས་རིང་ནས་རིང་དུ་བརླགས་སོང་བའི་སྣང་ཚུལ་ཐོན་པ་དང་། ཅིག་ཤོས་ནི་གསར་དུ་ཐོན་པའི་མིང་བརྡ་གང་ཉིད་བོད་ཡུལ་དུ་གྲགས་མྱོང་བ་ལྟ་ཞོག ཐ་སྙད་དེའི་རིགས་ཀྱི་དངོས་པོའམ་ཤེས་བྱ་གང་ཞིག་བྱུང་མྱོང་མཐོང་མྱོང་མེད་པའི་རིགས་འདི་གཉིས་ཙམ་མཆིས།

    དེས་ན། གསར་དུ་ཐོན་པའི་མིང་བརྡ་གང་ཉིད་གོང་སྨྲོས་ཀྱི་རིགས་དང་པོའི་གྲས་སུ་གཏོགས་ན། ཡིག་སྒྱུར་བྱེད་མཁན་གྱིས་སྔར་བྱུང་གི་ཐ་སྙད་མང་པོའི་ཁྲོད་དུ་བཙལ་ཏེ་ཇི་བཞིན་འབྱོར་པ་རྣམས་གང་ལ་གང་འཚམ་དུ་སྦྱོར་རུང་བ་ཡིན། དེ་ཡང་བོད་མི་རིགས་ལ་རིག་གནས་བཅུས་མཚོན་པའི་རིགས་པའི་གཞུང་ལུགས་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་མཆིས་ལ་དེ་དག་གི་ཁྲོད་དུ་མིང་དང་ཐ་སྙད་ཀྱང་ཤིན་ཏུ་གྱ་ནོམ་པ་ཞིག་ལྡན་ཁར། གསར་བྱུང་གི་བྱ་དངོས་མང་པོ་ཞིག་ལ་སྔ་མོ་ནས་དམངས་ཁྲོད་དུ་ཐ་སྙད་དོན་ལ་འབྱོར་ཞིང་རྣ་བར་སྙན་པ་སྦྱར་དང་སྦྱོར་བཞིན་ལགས་ན། ང་ཚོས་མིང་བརྡའི་གཏེར་ཁ་དེ་དག་གང་ནུས་ཅི་ཐུབ་ཀྱིས་སྔོག་འདོན་བྱས་ནས་བེད་སྤྱོད་གང་ཐུབ་བྱེད་དགོས་པ་ལས། ཨ་ན་ཨུ་ཚུགས་ཀྱིས་སླར་ཡང་མིང་གསར་པ་ཞིག་འདོགས་དགོས་དོན་ཅི་ལ་ཡོད། དེ་ཡང་། ས་སྐྱ་པཎ་ཆེན་ལགས་ཀྱིས། བརྡ་སྤྲོད་པའི་མཁས་པ་དག་གིས། བརྡ་གསར་པ་མ་སྦྱར་ན་དོན་མི་འགྲུབ་པ་མཐོང་ན་གསར་པ་སྦྱར་བ་མི་འགལ་མོད། འོན་ཀྱང་དགོས་པ་ཆུང་ངུ་ལ་བརྡ་གསར་པ་མི་སྦྱར་ཏེ། མི་རྟོགས་པ་དང་། ལོག་པར་རྟོགས་པ་དང་། ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་བཞིན་དགོས་པ་ཆུང་ངུ་ཙམ་ལ་དམིགས་ནས་བརྡ་གསར་པ་གང་འདོད་དུ་སྦྱོར་བ་དང་། ཡང་ན་བོད་ལ་དེ་འདྲའི་མིང་བརྡ་སྔ་མོ་ནས་ཡོད་བཞིན་དུ་བརྡ་གསར་པ་ཞིག་ཨུ་ཚུགས་ཀྱིས་སྦྱོར་བ་དེ་ནི་ལས་མེད་སྐས་ཀ་བཤིག་པའི་དཔེ་བཞིན་ནོ།

    དཔེ་ཙམ་དྲངས་ན། 按摩--བསྐུ་མཉེ།--འཕུར་མཉེད། 香水--བསུང་ཆབ་བམ་དྲི་ཆབ- དྲི་ཞིམ་བྱུག་ཆུ། 偿命--སྟོང་འཇལ།-- སྲོག་ལན་འཇལ་བ། 零食-- ཁྱེའུ་ཟས།--སིལ་ཟས་སམ་ཁ་ཏོག། 阳气--གདགས་རླུང་།-- ཕོ་རླུང་། 阴气--སྲིབ་རླུང་།--མོ་རླུང་། 火车--རི་ལི།--མེ་འཁོར། 日本--ཉི་ཧོང་།--འཇར་པན། 送温暖--འཚོ་ཚིས་སྐྱེལ།---དྲོ་སྐྱིད་སྐྱེལ། 手扶拖拉机--ཐོ་ཕྲུག--ལག་སྐྱོར་འདྲུད་འཐེན་འཁོར་ལོ། 流产--སྲིད་ཤོར།--ཕྲུ་གུ་ཤོར་བ། 人工流产--སྲིད་བཤིག་པ།--མངལ་རླུག་པ། 节育--སྲིད་འགོག--བུ་བཙའ་ཚོད་འཛིན། 转让--བཤུག་སྤྲོད།--བརྒྱུད་སྤྲོད། 贪污者--རྔེན་ཅན།--ཆོག་ཤེས་མེད་མཁན། ཞེས་ཐ་སྙད་སྔ་མ་རྣམས་ནི་བོད་རང་ལ་སྔ་མོ་ནས་བྱུང་ཡོད་པའི་མིང་བརྡའི་རིགས་ཡིན་པ་དང་། ཕྱི་མ་རྣམས་ནི་དེང་གི་ལོ་ཙཱ་བ་རྣམས་ཀྱིས་གཞན་སྐད་ལས་ཐད་ཀར་བསྒྱུར་བའི་རིགས་ཡིན། ང་ཚོས་ཐ་སྙད་སྔ་ཕྱི་རྣམས་གཤིབ་བསྡུར་ཙམ་བྱས་ན། སྔ་མོ་ནས་མིང་བརྡ་སྦྱར་ཡོད་པ་རྣམས་དོན་ལ་འབྱོར་ཞིང་ཡིད་ལ་འཇགས་སླ་བའི་ཁྱད་ཆོས་མང་ན་ལྡན་འདུག ཡིན་ཡང་དེང་དུས་མང་པོ་ཞིག་གིས་མིང་བརྡ་གསར་པ་བསྒྱུར་བར་གོམས་འདྲིས་སུ་སོང་བའི་ཐད་སྒྱུར་སོགས་ཀྱི་ལམ་ནས་ཚིག་རིས་གང་ཉིད་བཙན་བསྒྱུར་བྱེད་པ་ནི་དགོས་མེད་དུ་མཐོང་།

    གཉིས། བོད་མི་རང་གིས་གོ་བདེ་བའི་མིང་བཀྲ་ལེགས་པ་ཞིག་འདོགས་ཐབས་ལ་བརྩོན་དགོས།

    དེ་ཡང་མིང་བརྡ་རྒྱལ་སྤྱིའི་ཅན་གྱི་བསྒྱུར་རྒྱུ་ནི་མི་རིགས་སྐད་ཡིག་འཕེལ་རྒྱས་འགྲོ་རྒྱུའི་ཆེད་ཡིན་ལ། རང་མི་རིགས་དང་མི་རིགས་གཞན་བར་དུ་འབྲེལ་འདྲིས་བྱེད་པའི་ཆེད་དུ་ཡང་ཡིན། དེར་བརྟེན། མིང་བརྡ་གསར་པ་བསྒྱུར་བའི་སྐབས་སུ་ངེས་པར་དུ་ཐད་སྙད་ཀྱི་འབྱུང་ཁུངས་དང་། རྒྱལ་སྤྱིའི་ཐོག་བེད་སྤྱོད་བྱེད་པའི་གནས་ཚུལ་སོགས་ཤེས་པར་བྱས་ཏེ། མ་ཡིག་གི་ནང་དོན་དང་མི་འགལ་ཞིང་རྒྱལ་སྤྱིའི་རྣམ་པ་དང་མཐུན་པར་བསྒྱུར་དགོས། བོད་དུ་གནའ་ནས་ད་བར། མིང་མཛོད་མང་པོ་བྱུང་ཡོད་དེ། སྤྱི་ལོའི་དུས་རབས་བདུན་པར་ཞང་བོད་སྐད་ཡིག་གི་མིང་མཛོད་ཤ་རིའི་སྒྲ་འགྲེལ་བྱུང་བ་དང་། དུས་རབས་བརྒྱད་པར་བྱེ་བྲག་རྟོགས་བྱེད་ཆེན་མོ་བྱུང་བ་ཚང་མ་སྐབས་དེར་ཡིག་སྒྱུར་བྱས་པའི་མིང་བརྡ་གསར་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་མིང་མཛོད་བསྒྲིགས་པ་ཞིག་རེད།།

    དེ་ཡང་བསྒྱུར་བྱའི་མིང་བརྡ་གང་དེའི་མཚོན་དོན་དང་རྒྱབ་ལྗོངས་སོགས་ལ་ལེགས་པར་གཞིགས་ཤིང་། བོད་སྐད་ཡིག་གི་ཐ་སྙད་སྦྱོར་སྟངས་དང་མིང་གི་གྲུབ་ཚུལ་སོགས་ལ་གཞི་བཅོལ་ནས་བྱ་དངོས་གསར་པ་རྣམས་ལ་རང་མིང་གསར་པ་འདོགས་པ་ཡིན། བྱེ་བྲག་གི་མིང་འདོགས་ཚུལ་ལམ་ཐ་སྙད་གསར་པ་བཟོ་སྟངས་ལ་སྤྱིར་བཏང་དུ་ཐད་སྒྱུར་དང་དོན་སྒྱུར་ཞེས་རིགས་གཉིས་ཙམ་ལྡན་ནོ།

    དང་པོ། ཐད་སྒྱུར་ནི་བསྒྱུར་བྱ་གང་དེའི་ཚིག་གདོང་གི་བསྟན་དོན་ཇི་བཞིན་ཐད་ཀ་ཐད་སོར་སྒྱུར་བྱེད་སྐད་དུ་མཚོན་པར་བྱེད་པ་སྟེ། དཔེར་ན། 地下铁道ས་འོག་ལྕགས་ལམ་ཞེས་དང་། 交通网འགྲིམ་འགྲུལ་དྲ་བ། 公积金སྤྱི་གསོག་མ་དངུལ། 无废城市སྙིགས་མེད་གྲོང་ཁྱེར། 飞地种草ས་གྲོལ་རྩྭ་འདེབས། 国民待遇རྒྱལ་དམངས་ཐོབ་ཐང་ཞེས་སོགས་རྒྱ་བོད་མིང་ཚིག་ཕན་ཚུན་གདོང་སྤྲད་ནས་བསྒྱུར་བ་ལྟ་བུའོ། བསྒྱུར་བྱའི་མིང་བརྡ་གང་གི་ཚིག་ངོས་ལྟར་ཐ་སྙད་གསར་དུ་བཟོ་བ་འདི་དག་ནི། གཅིག་ན་མ་ཡིག་གི་བསྟན་དོན་ཡོངས་སུ་མཚོན་ནུས་པ་དང་། ཕྱོགས་གཞན་ཞིག་ན་བོད་རང་གི་ཐ་སྙད་སྦྱོར་བའི་ལུགས་སྲོལ་སོགས་དང་ཡང་མཐུན་པས་སོ། དེ་བས་མིང་གསར་དུ་བཏགས་པ་དེ་ངེས་པར་དུ་བོད་རང་གི་ཐ་སྙད་སྦྱོར་སྟངས་སོགས་དང་མཐུན་པ་ཞིག་ཡིན་དགོས་སོ།

    གཉིས་པ། དོན་སྒྱུར་ནི་གཙོ་བོ་བསྒྱུར་བྱ་གང་གི་བརྗོད་དོན་སྤྱི་ལ་གཞིགས་ནས་དེའི་དོན་མཚོན་བྱེད་དུ་བོད་མིང་ཞིག་གསར་དུ་བཟོ་བ་ལ་བྱ་སྟེ། དཔེར་ན། 华侨ལ་ཕྱི་སྡོད་རང་མི་ཞེས་དང་། 抖音ལ་འཁྱུག་དབྱིངས་ཞེས་བརྗོད་དོན་ལྟར་བསྒྱུར་བ་ལྟ་བུའོ། དེ་ཡང་བསྒྱུར་བྱའི་མིང་བརྡ་དེས་མཚོན་པའི་བྱ་དངོས་གང་ཉིད་གལ་ཏེ་དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་ནས། དེའི་ངོ་བོ་དང་བྱེད་ནུས་ལ་སོགས་པར་ཆ་རྒྱུས་གསལ་པོ་ཞིག་བྱུང་ཡོད་ཚེ། དེའི་ཁྱད་ཆོས་ལ་སོགས་པར་གཞི་བཅོལ་ནས་ཕར་མིང་བཏགས་ཆོག་པ་ལས་ངེས་པར་དུ་མི་རིགས་གཞན་གྱི་བཏགས་མིང་གང་གི་ཚིག་དོན་སོགས་ལས་ཐད་ཀར་ལོ་ཙཱ་བྱེད་དགོས་པའི་ངེས་པ་མེད། དཔེ་ཙམ་དྲངས་ན། རྒྱའི་སྐད་ཀྱི་香蕉ལྟ་བུ་ལ་འདྲ་བ་རྒྱུ་མཚན་དུ་བྱས་ནས་ངང་ལག་ཅེས་མིང་བཏགས་པ་དང་། 摩托车 ལྟ་བུ་ལ་བྱེད་ནུས་སམ་འདྲ་བ་རྒྱུ་མཚན་དུ་བྱས་ནས་འཕྲུལ་རྟ་ཞེས་དང་། ཡང་རྒྱའི་སྐད་ཀྱི་ 风筝 དང་ 豆腐 ལྟ་བུ་ལ་བཟོ་བྱེད་ཀྱི་རྒྱུ་དང་འདྲ་བ་རྒྱུ་མཚན་བྱས་ནས་བསྒྱུར་བྱ་གང་དེའི་ངོ་བོ་དང་བྱེད་ནུས་ལ་སོགས་པར་གཞིགས་ནས་མིང་གསར་དུ་གདགས་པ་ལས། རྒྱ་ཡིག་གི་ངོ་གདོང་ལྟར་ཡིག་སྒྱུར་བྱེད་དགོས་པའི་ངེས་པ་མེད། ཡིན་ཡང་མིང་གསར་དུ་སྦྱོར་བ་ལ་བོད་མི་རྣམས་ཀྱི་བརྡ་དེ་ལ་བརྟེན་ནས་དེས་མཚོན་པའི་དངོས་པོ་གང་ཡིན་པ་དེ་ངེས་པར་དུ་རྟོགས་དགོས་ཏེ། ཇི་སྐད་དུ་ས་པཎ་མཁས་འཇུག་ལས། སྔོན་ཆད་གཞན་དུ་མ་གྲགས་ཀྱང་། མཁས་པ་རྣམས་ཀྱིས་ངོ་འཕྲོད་པའི། བརྡ་ནི་རྗེས་གྲུབ་ཉིད་ཡིན་ཏེ། རྒྱུ་མཚན་དག་ལ་ལྟོས་ཕྱིར་རོ། ཞེས་གསུངས་པ་བཞིན་མིང་གང་གསར་དུ་སྦྱར་བ་དེ་ལ་ངེས་པར་དུ་རྒྱུ་མཚན་ངེས་ཅན་ཞིག་ལྡན་དགོས་པའི་ཁར་ཀུན་གྱི་བློ་ངོར་འཕྲད་པ་ཞིག་ཅིས་ཀྱང་ཡིན་དགོས་སོ།

    མདོར་ན། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས། “མི་རིགས་གང་ཞིག་ཡིན་རུང་ལོ་ཙཱའི་བྱ་བ་ཆེས་ཆེར་དར་བའི་དུས་སྐབས་ལ་མིང་ཚིག་གིས་མི་འདང་བའི་ཉམས་སྣང་ཞིག་ཅིས་ཀྱང་འཆར་སྲིད་ལ། དེ་ཡང་གཅིག་ན་བསྒྱུར་བྱའི་རིག་གནས་དེར་གོམས་མ་གོམས་ཀྱི་ཁྱད་པར་ལས་བྱུང་བ་དང་། རྣམ་པ་གཞན་ཞིག་ནི་རང་སྐད་ལ་མ་བྱང་བའི་སྟབས་ཀྱང་ཡིན”ཞེས་གསུངས་པ་བཞིན། མི་རིགས་གང་ཞིག་ཡིན་ཡང་སྐད་ཆ་བྱུང་བ་ནས་མིང་བརྡ་ཡོད་ཚད་བྱུང་བ་ཞིག་གཏན་ནས་མ་ཡིན་པར། དཔལ་འབྱོར་སྤྱི་ཚོགས་དར་འཕེལ་གྱི་འགྲོས་དང་བསྟུན་ནས་སྔར་མེད་ཀྱི་ཐ་སྙད་དག་ཀྱང་རིམ་གྱིས་གསར་བཟོ་བྱེད་པ་ཡིན། དེས་ན་ང་ཚོས་ལོ་ཙཱའི་ལག་ལེན་ཁྲོད་དུ་བོད་རང་ལ་སྔར་བྱུང་མ་མྱོང་ཡང་ད་ལྟ་ངེས་པར་མཁོ་བའི་མིང་བརྡ་གསར་གཏོད་བྱ་དགོས་ཏེ། འདི་ནི་མི་རིགས་ཤིག་གི་ཐ་སྙད་བང་མཛོད་ཇེ་ཕྱུག་ཏུ་གཏོང་བའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ཡིན་པ་མ་ཟད། རིག་གནས་གང་ཞིག་འཛམ་གླིང་གི་འཕེལ་འགྲོས་དང་བསྟུན་ནས་གོང་འཕེལ་ཡར་རྒྱས་འབྱུང་བའི་དགོས་ངེས་ཀྱི་མཐུན་རྐྱེན་གལ་ཆེན་ཞིག་ཀྱང་ཡིན་ནོ།

    (ལྷོ་ཁ་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བོད་ཡིག་རྩོམ་སྒྲིག་པུའུ། བསོད་ནམས་བསྟན་པ)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།