མདུན་སྐྱོད་དང་གསར་གཏོད་ཁྲོད་ཀྱི་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་སློབ་ཆུང་།
འཕྱོངས་རྒྱས་ཞེས་ཟེར་བ་ཙམ་གྱིས་སྐྱེ་བོ་མང་ཆེ་བས་ཆ་རྒྱུས་ཡོད་ངེས་རེད། གང་ལགས་ཟེར་ན་བཙན་པོ་ཁག་གི་བང་སོ་དག་ཡུལ་དེ་གར་ཡོད་ལ། དམངས་གཞས་ནང་དུའང་ལྷ་ས་མི་ཚོགས་མཐུག་པ། འཕྱོངས་རྒྱས་མི་སྤུས་དག་པ་སོགས་ཀྱི་བསྟོད་གླུ་དུས་ད་ལྟའང་རྣ་བར་ཐོས་རྒྱུ་ཡོད།
འཕྱོངས་རྒྱས་རྫོང་ནས་བར་ཐག་སྤྱི་ལེ་བཅོ་བརྒྱད་ཙམ་གྱི་རྒྱལ་སྨན་ཤང་གི་དཀྱིལ་སྙིང་དུ་གནས་ཡོད་པའི་རྒྱལ་སྨན་ཤང་སློབ་ཆུང་ཡང་དུས་ཀྱི་འཕོ་འགྱུར་ཁྲོད་འཕེལ་རྒྱས་དང་མདུན་སྐྱོད་བྱེད་བཞིན་ཡོད་པ་རེད།
སློབ་ཆུང་དེས་ཐོག་མཐའ་བར་གསུམ་དུ་ཏང་གི་སློབ་གསོའི་མཛད་ཕྱོགས་དང་སྲིད་ཇུས་ཁག་ལག་ལེན་མཐར་ཕྱིན་པ་བསྟར་བ་མ་ཟད། སློབ་གྲྭ་འདི་ཉིད་དེ་བས་ཚད་ལྡན་ཅན་དང་། ལམ་ལུགས་ཅན། དཔེ་མཚོན་ཅན་དུ་འགྱུར་ཆེད་དགེ་སློབ་ཚང་མས་འབད་བརྩོན་ཆེར་བསྐྱེད་བྱེད་བཞིན་ཡོད། སློབ་གྲྭས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ཕན་ཐོགས་ཡོད་པའི་ཕུལ་བྱུང་མི་སྣ་གང་མང་ཞིག་གསོ་སྐྱོང་བྱས་ཤིང་། སློབ་མ་མང་དག་ཅིག་གཡུར་ཟའི་གྲུབ་འབྲས་ཐོག་ནས་མེས་རྒྱལ་གྱི་ནང་སའི་བོད་ལྗོངས་འཛིན་གྲྭར་ཚུད་ཡོད་པ་རེད།
ཤེས་རྟོགས་བྱུང་བར། རྒྱལ་སྨན་ཤང་སློབ་ཆུང་གིས་སློབ་ཕྲུག་རྣམས་ཁྱོན་ཡོངས་འཕེལ་རྒྱས་གཏོང་ཆེད། དགུན་དུས་ཀྱི་ལུས་རྩལ་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་བ་མ་ཟད། རྒྱ་བོད་སྙན་ངག་གྱེར་འདོན་འགྲན་སྡུར་ནང་ཕུལ་བྱུང་གི་འགྲན་ཞུགས་སློབ་ཕྲུག་འགའ་ཞིག་ཤང་རིམ་པ་དང་རྫོང་རིམ་པའི་འགྲན་སྡུར་ནང་ཞུགས་པ། ལྷག་དོན་དུ་རིག་གནས་སློབ་གསོ་རྐྱང་པ་ཙམ་མ་ཡིན་པར་རི་མོ་དང་། གླུ་དབྱངས། སྲོལ་རྒྱུན་སྒྱུ་རྩལ་སོགས་ཀྱི་སྣ་མང་བྱེད་སྒོ་ཁག་ནང་ཧུར་ཐག་གིས་ཞུགས་སུ་བཅུག་ནས་སློབ་ཕྲུག་གི་དགའ་སྣང་རང་བཞིན་དང་སྤྲོ་སྣང་གསོ་སྐྱོང་། འདོད་མོས་ལྟར་གྱི་སློབ་གསོའི་འཚོ་བཅུད་ཟབ་མོ་མྱོང་ཐུབ་རྒྱུར་ཐབས་བརྒྱ་ཇུས་སྟོང་བྱེད་བཞིན་ཡོད་པ་རེད།
དགེ་རྒན་གྱི་དཔུང་ཁག་ནི་སློབ་གྲྭ་ཞིག་གི་ངོས་ནས་ཤིན་ཏུ་གལ་འགངས་ཆེ་བ་ཞིག་རེད། རྒྱལ་སྨན་ཤང་སློབ་ཆུང་ལ་དགེ་རྒན་དཔུང་ཁག་གི་ཆ་སྙོམས་ལོ་གྲངས་༤༥ཡན་ཟིན་ན་ཡང་། ཁོང་རྣམ་པ་ནི་ལོ་ན་རྒས་ཀྱང་སྙིང་སྟོབས་མི་ཉམས་པའི་དཔུང་ཁག་ཅིག་དང་། གཞོན་སྐྱེས་དགེ་རྒན་ཚོ་ཡང་ཡར་ཐོན་གྱི་བསམ་བློ་ཡོད་པ་དང་དཀའ་ངལ་གདོང་ལེན་བྱེད་ཕོད་མཁན་ཤ་སྟག་རེད་འདུག ལྷག་པར་དུ་སློབ་གྲྭའི་གསར་དུ་བསྐོ་བཞག་བྱས་པའི་སློབ་སྤྱི་ཟླ་བ་བསྟན་པ་ཡིས་སློབ་ཐོན་འཛིན་གྲྭའི་གཙོ་གནས་སློབ་ཚན་སློབ་ཁྲིད་བྱེད་པའི་ལས་འགན་དང་དུ་བླངས་ནས་དགེ་རྒན་ཚོར་རང་ཉིད་བྱ་སྤྱོད་དངོས་ཀྱི་ཐོག་ནས་མིག་དཔེ་བཟང་པོ་ཞིག་སྟོན་པ་སོགས་བྱས་ནས་སློབ་གྲྭའི་རྒན་དར་གཞོན་གསུམ་གྱི་དགེ་རྒན་ཚོས་འཕྱར་བ་གྲུ་འདེགས་ངང་ནས་སློབ་གྲྭའི་ལས་དོན་ཁག་ལེགས་པར་གྲུབ་བཞིན་ཡོད་པས་མདུན་སྐྱོད་གསར་གཏོད་ཁྲོད་ཀྱི་རྒྱལ་སྨན་ཤང་སློབ་ཆུང་གི་མ་འོངས་པ་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་ཡོང་བར་ཚང་མར་ཡིད་ཆེས་ཀྱིས་ཁེངས་ཡོད།
རྒྱལ་སྨན་ཤང་སློབ་ཆུང་གི་དགེ་མིང་འཛིན་པ་དཀར་ཏོག་ཆེ་བས་འཕྲིན་སྤེལ་བྱས།