ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གིས་སྨན་བཅོས་འགན་བཅོལ་གྱི་འགྲོ་ལུགས་གཉེར་བདེ་རུ་བཏང་ནས་མང་ཚོགས་ལ་ཕན་པ་བཏགས་པ།
སྨན་བཅོས་འགན་བཅོལ་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཆེ་རུ་བཏང་བ།
གསར་འགོད་པས་མཚོ་སྨད་རྫོང་སྨན་བཅོས་འགན་བཅོལ་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་། མཚོ་སྨད་རྫོང་གི་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་སྐར་ཁུང་ནས་མང་ཚོགས་མི་ཐེངས་466ལ་སྣེ་ལེན་ཞུས་པ་དང་ཁ་པར་ནས་མི་ཐེངས་256གི་བློ་འདྲི་དང་ལེན་བྱས་ནས་ལས་སྒོ་དུས་ཐོག་ཏུ་སྒྲུབ་གཉེར་བྱེད་ཚད་100%ཟིན་ཡོད། དེ་དང་ཆབས་ཅིག་རྫོང་དེ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་དམིགས་བསལ་མི་ཚོགས་ཞུགས་ཚད་100%ཟིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་འགན་བཅོལ་ནང་ཞུགས་ཚད་99.9%ཟིན་ཡོད། རྫོང་དེ་ཡོངས་ཀྱིས་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་བླང་བྱ་དོན་འཁྱོལ་ཧུར་ཐག་བྱས་ཏེ་སྨན་བཅོས་འགན་བཅོལ་ལ་བརྟེན་ནས་གཞི་རིམ་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཆེ་རུ་བཏང་ཡོད།
མཚོ་སྨད་རྫོང་གིས་རྫོང་ནས་ཤང་དང་གྲོང་རྡལ་ཁག་དབར་བར་ཐག་རིང་བ་དང་མང་ཚོགས་དོན་དག་སྒྲུབ་པར་སྟབས་བདེ་མེད་པ་སོགས་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཤང་དང་གྲོང་རྡལ་ཁག་གི་དམངས་ཕན་ཞབས་ཞུ་ལྟེ་གནས་དང་། གྲོང་ལྷན(སྡེ་ཁུལ)འཕྲོད་བསྟེན་ཁང་། གནས་གཏན་འཁེལ་གྱི་སྨན་དང་སྨན་བཅོས་སྒྲིག་གཞི་སོགས་ལ་བརྟེན་ནས་ཐད་ཀར་དབང་ཆ་སྤྲོད་པ་དང་། མངགས་བཅོལ་སྒྲུབ་གཉེར། ཞབས་ཞུ་སྔོན་སྒྲུབ་སོགས་ཀྱི་བྱེད་ཐབས་བརྒྱུད་སྨན་བཅོས་འགན་བཅོལ་གྱི་ཞབས་ཞུས་མང་ཚོགས་ལ་ཕན་ཐོགས་གང་ལེགས་ཡོང་བར་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཕྱོགས་ཡོངས་ནས་བསལ་ཡོད། གསར་འགོད་པས་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་བར། མིག་སྔར་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་དང་། ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་སྙན་ཞུ། ཆ་འཕྲིན་འདྲི་རྩད་དང་བཟོ་བཅོས་སོགས་རྒྱུན་མཐོང་གི་དོན་དག་ཚང་མ་གྲོང་ལྷན་ནས་སྒྲུབ་ཐུབ་ཀྱི་ཡོད།
དམངས་ཕན་བྱེད་ཐབས་ཀྱིས་མང་ཚོགས་ལ་ཐོབ་སྣང་དངོས་ཚོར་ཞིང་། མཚོ་སྨད་རྫོང་གིས་རྫོང་གྲོང་གི་འགྲིམ་འགྲུལ་སྟབས་བདེ་བ་དང་མི་ཚོགས་སྟུག་སར་ཉིན་མཚན་དབྱེར་མེད་དུ་སྨན་བཅོས་འགན་བཅོལ་གྱི་རང་འགུལ་ཞབས་ཞུའི་ས་ཚིགས་བཙུགས་ནས་ཆ་འཕྲིན་འདྲི་རྩད་དང་། གྲོན་འཇལ་ཞིབ་བཤེར། མི་སྒེར་གྱི་རྩིས་ཐོའི་གཏོང་ཡོང་གནས་ཚུལ་སོགས་ཀྱི་ཞབས་ཞུ་གཟའ་མཇུག་ཏུའང་གཉེར་གྱི་ཡོད། དེ་དང་ཆབས་ཅིག་མང་ཚོགས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་སྟབས་བདེ་སྐྲུན་ཆེད་མཚོ་སྨད་རྫོང་གིས་ཡུལ་གཞན་དུ་སྨན་བཅོས་བྱས་ཚེ་ཐད་ཀར་རྩིས་ཞུ་ཐུབ་པ་དང་། ལྗོངས་ནང་ཁུལ་དང་ཡུལ་གཞན་དུ་སྨན་བཅོས་བྱས་ཚེ་ཐོ་འགོད་སྙན་སེང་ཞུ་མི་དགོས་པ། ཞིང་ཆེན་བསྒྲལ་ནས་སྨན་བཅོས་བྱེད་མཁན་ནད་པས་ཞིང་ཆེན་གཞན་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་སྒོ་བསྟེན་སྨན་ཁང་ངམ་ཡང་ན་གནས་གཏན་འཁེལ་གྱི་སྨན་ཚོང་སར་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་སྤྱད་དེ་ནད་གཞིར་བརྟག་དཔྱད་དང་སྨན་ཉོ་ཆོག་གི་ཡོད་པ་རེད། མིག་སྔའི་བར་རྫོང་དེས་ཡུལ་གཞན་དུ་སྨན་ཁང་ལ་བསྡད་ནས་སྨན་བཅོས་བྱེད་མཁན་མི་ཐེངས་158ཀྱི་སྨན་རིན་ཐད་ཀར་མཇུག་རྩིས་བརྒྱབ་པ་དང་སྒོ་བསྟེན་སྨན་ཁང་ནས་མཇུག་རྩིས་ཐེངས་267བརྒྱབ་པ་དེ་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་སྒོར་ཁྲི་200ལྷག་ཙམ་དང་འབྲེལ་བ་ཡོད།
མཚོ་སྨད་རྫོང་གིས་མང་ཚོགས་ཀྱི་དགོས་མཁོར་དམིགས་ནས་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ཏེ་དྲ་ཐོག་དང་དྲ་ཕྱིའི་དྲིལ་བསྒྲགས་སྟོབས་ཤུགས་སྤྱི་འདོམས་ཀྱིས་ཕྱོགས་ཡོངས་ནས་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དྲིལ་བསྒྲགས་བྱས་ཡོད། དྲ་ཐོག་ཏུ་མཚོ་སྨད་རྫོང་གིས་སྐད་འཕྲིན་དང་། གློག་འཕྲིན་གཉེར་སྐྱོང་ཚོང་པའི་འཕྲིན་ཐུང་། རླུང་འཕྲིན་བརྙན་འཕྲིན། “མཚོ་སྨད་མཉམ་འདྲེས་སྨྱན་སྦྱོར”གྱི་འཁྱུག་དབྱིངས་ཨང་གྲངས་སོགས་བརྒྱུད་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་རྒྱུན་མཐུད་དྲིལ་བསྒྲགས་བྱས་ཡོད། དྲ་ཕྱིའི་མཚོ་སྨད་རྫོང་གིས་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་སོགས་ཀྱི་བྱེད་ཐབས་ནས་སྒོ་རྩར་ཞབས་འདེགས་ཞུས་ཏེ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་བ་དང་། སྒོ་བསྟེན་སྨན་བཅོས་དང་དེ་བཞིན་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་པའི་འགྲོ་སོང་རྩིས་ཞུ། ཡུལ་གཞན་དུ་སྨན་བཅོས་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་མང་ཚོགས་ཀྱི་དོགས་གཞིར་ལན་བརྒྱབ་པ་རེད། མིག་སྔའི་བར་རྫོང་དེ་ཡོངས་ཀྱིས་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་ཁྲིམས་སྲོལ་དྲིལ་བསྒྲགས་ཐེངས་10བྱས་པ་དང་། དཔྱད་གཞིའི་ཡིག་རིགས་3000ལྷག་ཙམ་སྤྲད་པ། མི་ཐེངས་ཁྲི་1.2ལ་སློབ་གསོ་ཐེབས་ཡོད།
མཚོ་སྨད་རྫོང་མི་སྤྱི་ཅུས་ཀྱི་ཅུས་ཀྲང་ཚེ་རིང་ཆོས་འཕེལ་གྱིས་གོམ་སྟབས་རྗེས་མར། རྫོང་མི་སྤྱི་ཅུས་ཀྱིས་གཞི་རིམ་གྱི་སྨན་བཅོས་འགན་སྲུང་ཞབས་ཞུའི་ནུས་པ་མུ་མཐུད་ཆེ་རུ་གཏོང་བ་དང་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ་སྨན་བཅོས་འགན་བཅོལ་གྱི་ལས་སྒོ་བརྟན་ལ་གོ་རིམ་ལྡན་པ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩ་བདེ་འཇགས་དང་རྒྱུན་མཐུད་ཐུབ་པ། མང་ཚོགས་ཀྱི་ཐོབ་ཆར་འགན་ལེན་ཡོད་པ་བཅས་བྱས་ནས་མཚོ་སྨད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམངས་འཚོའི་འགན་ལེན་དེ་བས་ལེགས་པར་ཡོང་བ་བྱེད་ཀྱི་ཡིན་ཞེས་བཤད།