དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སྐད་ཡིག་སློབ་ཁྲིད།
  • བུ་མོ་དེའི་ཕུགས་བསམ་གྱིས་ཁྱིམ་བདག་མང་པོ་བསམ་གཞིག་གི་ཀློང་དུ་ཚུད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     རྩོམ་པ་པོ།  བསྟན་འཛིན་རྒན་པ། བསྟན་འཛིན་ཆུང་བ། ཤེས་རབ་རྡོ་རྗེ། བསོད་ནམས་མཚོ་མོ།   |     སྤེལ་དུས།  2024-10-25

    བུ་མོའི་སློབ་གྲོགས་ཚོས་ཁོ་མོར“ཨང་ཉེར་གསུམ་པ”ཞེས་འབོད་ཀྱི་འདུག དེ་ཡང་བུ་མོ་ཁོང་ཚོའི་འཛིན་གྲྭའི་ནང་ཁྱོན་སློབ་མ་50ཡོད་པ་དང་། ཡིག་ཚད་ག་དུས་བཏང་རུང་། བུ་མོ་ཨང་23ལ་སླེབས་པས། རིམ་གྱིས་བུ་མོར“མཚན་བཟང་པོ”འདི་འདྲ་ཞིག་གསོལ་འདུག ང་ཚོས་བལྟས་ན། མིང་འདི་རྣ་ལ་གཟན་མོད། འོན་ཀྱང་བུ་མོས་དགའ་སྤྲོའི་ངང་དང་དུ་ལེན་བཞིན་མཆིས།  

    ཅོག་ལགས་ཀྱིས་གདོང་གློད་དེ་ཀུང་སིའི་བྱེད་སྒོ་སྤེལ་དུས་སམ། ཡང་ན་སློབ་གྲོགས་རྙིང་པ་འཛོམས་དུས། ཚང་མས་རང་གི་བུ་ཕྲུག་ལ་བསྟོད་ར་ཡང་ཡང་གཏོང་གི་འདུག ཡིན་ནའང་། ང་ཁ་རོག་ཏུ་སྡོད་དགོས་ཀྱི་འདུག་ཅེས་བརྗོད་ཀྱི་འདུག 

    མི་གཞན་གྱི་བུ་ཕྲུག་སྦྱངས་འབྲས་ལེགས་པའི་ཁར། དམིགས་བསལ་གྱི་ཡོན་ཏན་མང་པོ་ཡོད་མོད། འོན་ཀྱང་། ང་ཚོའི་ཁྱིམ་གྱི“ཨང་ཉེར་གསུམ་པ”ལ་གཞན་ལ་ངོམ་སོ་རྒྱག་ཡུལ་གཅིག་ཀྱང་མེད། 

    དེར་བརྟེན། ཅོག་ལགས་ཀྱིས་བརྙན་འཕྲིན་ནང་གི་རྩལ་ནུས་ཁྱད་དུ་འཕགས་པའི་བུ་ཕྲུག་དེ་དག་མཐོང་སྐབས། ཁོང་གི་མིག་གཉིས་ལས་ཡིད་སྨོན་གྱི་འོད་སྣང་འཕྲོ་བཞིན་འདུག  ཉིན་ཞིག ཁོང་གིས་ལོ་9ལ་སླེབས་པའི་བུ་ཕྲུག་ཞིག་སློབ་ཆེན་ལ་ཚུད་པའི་གསར་འགྱུར་མཐོང་རྗེས། སྐྱོ་སྣང་ཆེན་པོས་བུ་མོར་རང་རིག་པ་རྣོ་བའི་བྱིས་པ་ཞིག་མ་ཡིན་པ་ཅི་ཡིན་ཞེས་དྲིས་པར། བུ་མོས་འདི་ནི་པཱ་ལགས་ཁྱེད་རང་རིག་པ་རྣོ་བའི་པཱ་ལགས་ཤིག་མ་ཡིན་པས་རེད་ཅེས་བཤད། སྐབས་དེར་ཅོག་ལགས་གང་བཤད་འདི་བཤད་མེད་པར་གྱུར་སོང་བས། ང་ཡང་རང་དབང་མེད་པར་དགད་མོ་ཤོར་བྱུང་།

    ལོ་ཞིག་ཟླ་མཆོད་དུས་ཆེན་ཉིན། གཉེན་ཉེ་འདུ་མང་པོ་བཅད་ཁང་ཆེན་པོ་ཞིག་ཏུ་འཛོམས་ཤིང་། མི་ཚང་མའི་བཀའ་མོལ་ཡང་རིམ་གྱིས་ཁྱིམ་ཚང་སོ་སོའི་བུ་ཕྲུག་ལ་གྱུར་སོང་། མཆོད་ཆང་ཏོག་ཙམ་མཆོད་རྗེས་སྤྲོ་བ་འཕེལ་བ་དང་སྦྲགས་ཕྲུ་གུ་ཚོར་རྗེས་སུ་ག་རེ་བྱེད་འདོད་ཡོད་མེད་སྐོར་བརྗོད་དུ་བཅུག་སོང་། དེས་ན་ཕྲུ་གུ་ཚོས་བློ་ཁོག་ཆེན་པོས་ཀང་ཆིང་མཁས་ཅན་དང་། འཁྲབ་སྟོན་པ། སྲིད་ཕྱོགས་ཀྱི་འགོ་ཁྲིད་སོགས་བྱེད་འདོད་ཡོད་ཅེས་བརྗོད་ལ། ལོ་4ལ་སླེབས་ཙམ་ཡིན་པའི་བུ་མོ་ཆུང་ཆུང་དེས་ཀྱང་རྗེས་སུ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གཙོ་སྐྱོང་པ་བྱེད་ཀྱི་ཡིན་ཞེས་བརྗོད་སོང་བས། ཚང་མས་བསྟོད་ར་མང་པོ་བཏང་སོང་། སྐབས་དེར་ངའི་ལོ་12ལ་སླེབས་པའི་བུ་མོ་ནི་ཉེ་འཁོར་གྱི་བུ་ཆུང་ཆུང་དང་བུ་མོ་ཆུང་ཆུང་ཚོར་ཤཱ་ཡི་པགས་པ་བཤུ་རོགས་དང་། ཐང་བླུག་རོགས། ཁ་ཕྱིས་རོགས་སོགས་ལ་བྲེལ་བཞིན་འདུག་པས། མི་ཚང་མས་ད་གཟོད་གཞི་ནས་ངའི་བུ་མོས་ཅི་ཞིག་བྱེད་འདོད་ཡོད་མེད་ལབ་མེད་པ་དྲན། བྱས་ཙང་། ཚང་མས་ཨུ་ཚུགས་ཀྱིས་ཤོད་དུ་བཅུག་པས་ན། ཁོ་མོས་ནན་གྱིས“ཆེན་པོ་ཆགས་རྗེས། རེ་འདུན་དང་པོ་ནི་བུ་བཅོལ་ཁང་གི་དགེ་རྒན་ཞིག་བྱས་ཏེ། ཕྲུ་གུ་ཚོའི་སྣེ་ཁྲིད་དེ་གཞས་གཏོང་བ་དང་། ཞབས་བྲོ་རྒྱག་པ། རྩེད་མོ་རྩེ་གི་ཡིན” ཞེས་བཤད་པས། མི་ཚང་མས་གུས་ཞབས་དང་བཅས་ལེགས་པོ་འདུག་ཅེས་བཤད། དེ་མུར་རེ་འདུན་གཉིས་པ་དེ་གང་ཡིན་ནམ་ཞེས་དྲིས་པར་བུ་མོས་བློ་ཁོག་ཆེན་པོས“ང་ཨ་མ་ཞིག་བྱེད་ཀྱི་ཡིན། པང་རས་གྱོན་ནས་ཐབ་ཚང་ནང་དགོང་ཟས་བཟོ་བ་དང་། དེ་ནས་ང་རང་གི་ཕྲུ་གུར་སྒྲུང་ཤོད་པ་དང་། དེ་ཁྲིད་ནས་ཉི་གཡབ་ཏུ་སྐར་མར་ལྟ་བར་འགྲོ་ཡི་ཡིན”ཞེས་བཤད་སོང་། དེ་མ་ཐག་དགའ་ཉེ་སྤུན་མཆེད་ཚང་མ་ཧང་སངས་ནས་གཅིག་གིས་གཅིག་གི་གདོང་ལ་ལྟ་གིན་ག་ཤོད་འདི་ཤོད་མེད་པར་གྱུར། སྐབས་དེར་ཅོག་ལགས་ཁ་ཤིན་ཏུ་སྐྱེངས་སོང་། ཁྱིམ་དུ་སླེབས་རྗེས། ཁོང་གིས་དབུགས་རིང་གཏོང་བཞིན“རང་གིས་བུ་མོ་རྗེས་སུ་དངོས་གནས་བུ་བཅོལ་ཁང་གི་དགེ་རྒན་ཞིག་བྱེད་དུ་འཇུག་རྩིས་ཡོད་དམ། ང་ཚོས་མཐོང་གིན་མཐོང་གིན་བུ་མོ་འབྲིང་གྲས་ཀྱི་སློབ་མ་ཤིག་བྱས་ནས་སྡོད་འཇུག་གི་ཡིན་ནམ”ཟེར།

    དེ་ནས། ང་ཚོས་བུ་མོའི་སྦྱངས་འབྲས་ལེགས་སུ་འགྲོ་བའི་ཆེད་དུ། ཁྱིམ་དུ་དགེ་རྒན་གདན་འདྲེན་པ་དང་། ཟུར་ཁྲིད་འཛིན་གྲྭར་གཏོང་བ། དཔྱད་གཞི་སྣ་ཚོགས་ཉོ་བ་སོགས་ཐབས་ཤེས་མང་པོ་བཙལ་བ་ཡིན། བུ་མོ་ཡང་གོ་ཤེས་ཐུབ་མཁན་ཞིག་ཡིན་པས། དེ་ནས་བཟུང་ཀོག་ཕིག་གི་དེབ་མི་ལྟ་ལ། ཤོག་དྲས་འདྲ་གཟུགས་འཛིན་གྲྭ་ནས་ཀྱང་དོན། ད་དུང་གཟའ་མཇུག་ཏུ་ཞོགས་ཉལ་ཡང་རྒྱག་གི་མི་འདུག ཡིན་ནའང་། ཁོ་མོ་ངལ་དུབ་ཀྱིས་མནར་བའི་བྱིའུ་ཆུང་ཞིག་དང་འདྲ་བར་ཟུར་ཁྲིད་འཛིན་གྲྭ་གཅིག་ནས་གྲོལ་རྗེས་ཡང་འཛིན་གྲྭ་གཞན་ཞིག་ཏུ་སློབ་སྦྱོང་དུ་སྐྱོད་པ་དང་། རྒྱུགས་ཤོག་དང་བསྐྱར་སྦྱོང་དེབ་གཅིག་བྲིས་ཚར་རྗེས་ཡང་གཅིག་བྲིས་ནས་བསྡད། ཇི་ལྟར་བརྗོད་རུང་། མཐར་གཏུགས་ནས་བཤད་ན། ཕྲུ་གུ་ཞིག་ཡིན་པས། གཟུགས་པོས་ཨར་མ་བསྟན་པར་འཆམ་པ་ལྗིད་པོ་ཞིག་བརྒྱབ། ནད་ཁྲིའི་སྟེང་དུ་སྨན་ཆུ་བླུག་གིན་ད་དུང་ཨུ་ཚུགས་བརྒྱབ་སྟེ་སྦྱོང་ཚན་བྲིས་ནས་བསྡད་པས། ཐ་མ་གློ་ཚད་ཀྱང་ཁྲིད། ན་ཚ་དྲག་རྗེས། བུ་མོའི་ངོ་གདོང་ཡང་སྐམ་ནས་ཆུང་དུ་ཕྱིན་འདུག ཡིན་ནའང་། སློབ་མཇུག་ཡིག་ཚད་ཀྱི་སྐར་གྲངས་འདོན་དུས། བུ་མོ་སྔར་བཞིན་འཛིན་གྲྭའི་ཨང་23པར་ལུས་འདུག་པས། ང་ཚོ་ངུ་མ་ཤེས་དགོད་མ་ཤེས་པ་བཟོས། 

    ཕྱིས་སུ། ང་ཚོས་བུ་མོར་བཅུད་མང་ཙམ་གཏོང་བ་དང་། ཅ་ལག་འདྲ་ཉོས་ནས་ལྕག་སྐུལ་བྱེད་པ་སོགས་གང་ཡོང་ཅི་ཡོང་བྱས་རུང་། བུ་མོའི་གདོང་གཤིས་ནི་ཇེ་སྐྱར་གྱུར་པ་དང་།  ཡིག་ཚད་གཏོང་གི་ཡིན་ཞེས་བརྗོད་མ་ཐག ལྟོ་ཆས་ཀྱི་འདང་ག་འགག་པ་དང་། གཉིད་མི་ཁུག་པ། རྔུལ་ནག་འདོན་པ་སོགས་བྱེད། དེའི་རྗེས་སུ་ཡིག་ཚད་གཏོང་དུས། འཛིན་གྲྭའི་ནང་གི་ཨང་33ལ་སླེབས་འདུག་པས། ང་ཚོ་ཚང་མ་ཧང་སངས་སུ་ཆུགས་བྱུང་།  དེར་བརྟེན། ང་དང་ཅོག་ལགས་ཀྱིས་རིམ་གྱིས་ལྗང་པ་འཐེན་ནས་ལོང་ཐབས་བྱེད་པའི་ཚ་ཚ་འུར་འུར་གྱི་བྱེད་སྒོ་འདི་སྤེལ་མཚམས་བཞག་པ་ཡིན། དེ་ཡང་བུ་མོ་རྒྱུན་གཏན་ལྟར་ངལ་གསོ་རྒྱག་ཆུགས་པ་དང་། ཀོག་ཕིག་འབྲི་རུ་ཆུགས་པ་ཡིན་ལ། མུ་མཐུད《བྱིས་པའི་རྩེད་འཚར》སོགས་ཀྱི་དེབ་ཉོ་རུ་ཆུགས་པ་ཡིན། མ་གཞི་ང་ཚོས་བུ་མོར་སྙིང་རྗེ་ན་ཡང་། ཁོ་མོའི་སྦྱངས་འབྲས་མཐོང་དུས། བརྗོད་པར་དཀའ་བའི་སྡུག་བསྔལ་ཡོང་གི་འདུག

    གཟའ་མཇུག་ཞིག་ལ། ང་ལས་རོགས་འགའ་དང་མཉམ་དུ་གླིང་ཁ་གཏོང་བར་ཕྱིན་པ་ཡིན། ཚང་མས་རང་རང་གི་བཟོ་མཁས་ཤོས་ཀྱི་ཚལ་དེ་བཟོས་ནས་ཁྱེར་ཡོང་ལ། རང་གི་ཅོག་དང་ཕྲུ་གུ་ཁྲིད་ཡོང་། ཕྲུ་གུ་འདིས་གཞས་གཏོང་བ་དང་། ཕྲུ་གུ་དེས་འཁྲབ་གཞུང་ཐུང་ངུ་འཁྲབ་པ་སོགས་ལམ་བར་དུ་དགོད་སྒྲས་ཁེངས། ང་ཚོའི་བུ་མོར་ནུས་རྩལ་ཁྱད་འཕགས་ཅན་འདྲ་གང་ཡང་མེད་པས། སྣང་བ་སྐྱིད་པོས་དགའ་བསུ་ཞུས་པ་དང་། རུ་ངར་བའི་བདག་མོ་ཆུང་ཆུང་ཞིག་དང་འདྲ་བར་བྲེལ་བྲེལ་འཚུབ་འཚུབ་ངང་མོ་ཊའི་རྒྱབ་ཏུ་བླུགས་པའི་ལྟོ་སྣོད་རིལ་བ་དག་སློང་བ་དང་། ཁ་གཅོད་ལྷུག་ཏུ་ཕྱིན་པ་རྒྱག་སྐྱོར་རྒྱག་པ། ལྟོ་སྣོད་ནས་འཛགས་ཡོང་བའི་ཁུ་བ་ཕྱིས་པ་སོགས་བྱས་ནས་བསྡད་སོང། གླིང་ཁ་གཏོང་སྐབས་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ཐོན་ཞིང་། དེ་ཡང་ཕྲུ་གུ་ཨང་རྩིས་རྩེ་གྲ་གཅིག་དང་དབྱིན་སྐད་མཁས་པ་གཅིག་གིས་དུས་གཅིག་ཏུ་སྡེར་མའི་ནང་གི་ཆང་འབྲས་ཀྱི་བག་ལེབ་གཅིག་ལ་ཧབ་ཐོབ་ཤོར། སུས་ཀྱང་སུ་ལ་ཟོ་ཞེས་མ་ལབ་ལ། བགོ་ཤ་ཡང་རྒྱག་འདོད་ཡེ་ནས་མ་བྱས། མ་གཞི་གྱ་ནོམ་པའི་ཚལ་གཅིག་རྗེས་གཉིས་མཐུད་ཀྱིས་འཁྱེར་ཡོང་རུང་། ཁོ་གཉིས་ཀྱིས་ལྟ་ཙམ་ཡང་མ་བྱས། མི་རྒན་པ་ཚོས་བསླབ་བྱ་དང་སྤྲེལ་ལད་ཇི་ལྟར་བཤད་ཀྱང་། གོ་ཁྱོན་ནས་མ་ཆོད། མཐའ་མ། ངའི་བུ་མོས་དངུལ་ཊམ་ཞིག་འཕེན་པའི་ཐབས་ཀྱིས། ད་ག་སེ་བྱས་ནས་གནས་ཚུལ་དེ་ཐག་བཅད་སོང་། 

    ལོག་ཡོང་བའི་ལམ་བར་དུ། མོ་ཊ་འགག་པའི་དབང་གིས་ཕྲུ་གུ་འགའ་རེས་བསུན་སྣང་ཆེན་པོ་བྱེད་ཀྱི་འདུག འོན་ཀྱང་། བུ་མོས་བཞད་གད་ཀྱི་གཏམ་གཅིག་གི་རྗེས་ལ་གཅིག་བཤད་པས། མོ་ཊའི་ནང་གི་མི་ཚང་མ་དགའ་སྤྲོས་ཁེངས། བུ་མོས་ཁ་ནས་བསྟན་བཤིག་སློང་གིན་ལག་པ་ད་ག་སེ་བྱས་ནས་མ་བསྡད་པར། ཇེམ་ཙེས་ལྟོ་ཆས་བླུག་བྱེད་ཀྱི་ཤོག་སྒམ་ཚོན་ཁྲ་ཅན་དྲས་ནས་སྲོག་ཆགས་ཆུང་ཆུང་སྣ་ཚོགས་བཟོས་པས། ཕྲུ་གུ་དེ་ཚོ་ཚང་མས་བསྟོད་བསྔགས་ཚད་མེད་བཏང་སོང་། མོ་ཊ་ནས་འབབ་དུས། ཕྲུ་གུ་ཚང་མར་སོ་སོའི་ལོ་རྟགས་ཀྱི་ཤོག་དྲས་འདྲ་གཟུགས་རེ་རག་འདུག ཕྲུ་གུ་ཚོས་ཐུགས་རྗེ་ཆེ་ཞེས་ཡང་ཡང་བཤད་སོང་བས། ཅོག་ལགས་རང་དབང་མེད་པར་སྤོབས་སེམས་ཀྱིས་ཕྱུག་པའི་འཛུམ་མདངས་ཤོར། 

    སློབ་དཀྱིལ་ཡིག་ཚད་བཏང་ཚར་རྗེས།  ང་ལ་བུ་མོའི་འཛིན་བདག་གི་ཁ་པར་ཞིག་འབྱོར་བྱུང་། དང་ཐོག་བུ་མོའི་སྦྱངས་འབྲས་སྔར་བཞིན་འབྲིང་གྲས་ཡིན་པ་ཤེས་བྱུང་། ཡིན་ནའང་། རྒན་ལགས་ཀྱིས་གནས་ཚུལ་ཡ་མཚན་ཞིག་འདུག་པ་ང་ལ་ཤོད་ཟེར། དེ་ཡང་ཁོང་གིས་ངས་སློབ་ཁྲིད་བྱས་ནས་ལོ་30ཙམ་ཕྱིན་མོད། འོན་ཀྱང་དོན་དག་འདི་འདྲ་འཕྲད་ཐེངས་དང་པོ་ཡིན། ངས་རྒྱ་ཡིག་གི་རྒྱུགས་ཤོག་ཏུ་ཁྱེད་ཀྱིས་འཛིན་གྲྭའི་ནང་གི་སློབ་མ་དགའ་ཤོས་འདི་སུ་ཡིན་ནམ་ཞེས་པའི་ཁ་སྣོན་གྱི་དྲི་བ་ཞིག་བཏོན་པ་ཡིན། ཁྱེད་རང་གི་བུ་མོ་ཕུད། འཛིན་གྲྭའི་ནང་གི་སློབ་མ་ཚང་མས་ཁྱེད་ཀྱི་བུ་མོའི་མིང་བྲིས་འདུག རྒྱུ་མཚན་ནི་སེམས་རྩ་འཁོལ་པོས་མི་གཞན་ལ་རོགས་པ་བྱེད་པ་དང་། ཁ་དན་ཚིག་ལ་གནས་པ། རླུང་ལང་པོ་མེད་པ། གྲོགས་བདེ་ལ་གཤིབ་བདེ་བ་སོགས་རེད་འདུག ད་དུང་བསྟན་བཤིག་ཚ་པོ་འདུག་ཅེས་མང་པོས་བྲིས་འདུག ད་དུང་སློབ་གྲོགས་མང་པོས་པན་ཀྲང་དུ་བསྐོ་དགོས་པའི་གྲོས་འགོ་འདོན་གྱི་འདུག་ཟེར་ལ། རྒན་ལགས་ཀྱིས་ཁྱེད་རང་གི་བུ་མོ་སྦྱངས་འབྲས་སྤྱིར་བཏང་ཡིན་ན་ཡང་། སྤྱོད་ལམ་ཧ་ཅང་ཡག་པོ་འདུག་ཅེས་གསུང་གི་འདུག

    ངས་བུ་མོར་རྩེད་མོ་དང་སྦྲགས་རང་མགྱོགས་པོ་དཔའ་བོར་གྱུར་པ་འདུག་གོ་ཅེས་བཤད་པས། སྐེ་དཀྲིས་སླ་བཞིན་པའི་བུ་མོས་མགོ་ཀྱོག་ཙམ་བྱས་ནས་རེ་ཞིག་བསམ་བློ་བཏང་རྗེས།  དེ་སྔོན་རྒན་ལགས་ཀྱིས་ང་ཚོར་དཔའ་བོ་ཕེབས་དུས། རྟག་ཏུ་མི་ཁ་ཤས་ཀྱིས་ལམ་ཟུར་ནས་དགའ་བསུ་ཞུ་བཞིན་ཡོད་པའི་ལེགས་བཤད་ཅིག་ཁྲིད་མྱོང་སོང་ཞེས་ནན་གྱིས་བཤད་ལ། ཁོང་མོས“ཨ་མ་ལགས། ང་དཔའ་བོ་ཞིག་བྱེད་འདོད་མེད། ང་ནི་ལམ་ཟུར་དུ་བསྡད་ནས་དགའ་བསུ་ཞུ་མཁན་ཞིག་བྱེད་འདོད ”ཅེས་དལ་གྱིས་བཤད་བྱུང་། དེས་ན། ང་ཧང་སངས་ནས་ཁ་རོག་བལྟས་ནས་བསྡད་པ་ཡིན་ལ། ངའི་སེམས་ལ་ཚ་སོབ་སོབ་ཅིག་བྱས་བྱུང་། 

    སྐབས་དེར། ང་གློ་བུར་དུ་དཔའ་བོ་བྱེད་འདོད་མེད་པའི་བུ་མོས་སེམས་འགུལ་ཐེབས་བྱུང་། འཛམ་བུ་གླིང་འདིར་ལོ་ན་ཕྲ་དུས་དཔའ་བོ་བྱེད་འདོད་ཡོད་པ་གང་ཞིག མཐའ་མ་འུར་འུར་ཟིང་ཟིང་གི་འཇིག་རྟེན་འདིའི་སྟེང་གི་མི་ཕལ་པར་གྱུར་པ་ཇི་ཙམ་ཡོད་དམ། གལ་ཏེ་བདེ་མ་ཐང་མ་ཞིག་བྱུང་ན། གལ་ཏེ་སྣང་བ་སྐྱིད་པོ་ཞིག་བྱུང་ན། གལ་ཏེ་རང་གི་བསམ་འདུན་དང་རྒྱབ་འགལ་ཏུ་མ་སོང་ན། ང་ཚོའི་ཕྲུ་གུས་བྱམས་སེམས་ཀྱི་ཕྱུག་པའི་མི་ཕལ་པ་ཞིག་བྱས་པར་སྐྱོན་ཅི་ཡོད། 

    ཆེན་པོ་ཆགས་རྗེས། ཁོང་མོ་གཤིས་ཀ་ལེགས་པའི་ཆུང་མ་དང་། ཞི་ཞིང་དུལ་བའི་ཨ་མར་གྱུར་ངེས་ལ། སེམས་རྩ་འཁོལ་བའི་ལས་རོགས་དང་། གཤིད་རྒྱུད་བཟང་བའི་གྲོང་པར་གྱུར་ངེས། མི་ཚེའི་ཤུལ་ལམ་རིང་མོར་ཁོང་མོས་རང་ཉིད་ཀྱིས་བསམས་པ་ནང་བཞིན་གྱི་འཚོ་བ་ཞིག་ལེགས་པར་སྐྱེལ་ཐུབ་ངེས། དེར་བརྟེན། ཕ་མ་ཞིག་གི་ངོས་ནས་བཤད་ན། ཕྲུ་གུར་དེ་ལས་ལེགས་པའི་མ་འོངས་པ་ཅི་ཞིག་དགོས་ཨང་། 

    འཇིག་རྟེན་འདིར་མི་ཕལ་ཆེ་བ་ནི་སྤྱིར་བཏང་གི་མི་ཡིན་ཞིང་། དཔའ་བོར་གྱུར་པ་ཉུང་ཤས་ཡིན། གལ་ཏེ་དཔའ་བོ་ཞིག་བྱེད་མི་ཐུབ་ན། དཔའ་བོར་དགའ་བསུ་ཞུ་མཁན་གྱི་མི་ཕལ་པ་ཞིག་གྱིས་དང་། རང་གིས་རང་ལ་རེ་བ་མཐོ་པོ་ཞེ་དྲག་མ་བཏོན། ཉིན་ལྟར་འབད་བརྩོན་ལྷོད་མེད་ཀྱིས་འཚོ་བ་བསྐྱལ་ན་འགྲིག་གི་རེད། མི་ཚེ་ནི་ཡུལ་སྐོར་དུ་འགྲོ་བ་ལྟ་བུ་ཞིག་ཡིན་པས། མཇུག་མཐར་ཁོ་ནར་བལྟས་ན་ག་ལ་འགྲིག ཡང་སྒོས་མཇུག་མཐའ་ཁོ་ནར་བལྟས་པ་ན། ལམ་བར་གྱི་མཛེས་ལྗོངས་མང་པོ་མཐོང་མི་སྲིད་དོ།། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།