སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་གཤམ་དུ་ཁྱབ་པར་བྱས་ཏེ་ས་མཐོའི་མང་ཚོགས་ལ་ཕན་བཏགས་པ།
“ད་ནི་གོམ་པ་རྒྱག་སྐབས་ན་ཟུག་གཏོང་གི་མི་འདུག”ཅེས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཉི་མ་དངོས་གྲུབ་ཀྱི་ལག་ནས་བཟུང་སྟེ་བགྲེས་སོང་གཡུ་ལྷས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
གཡུ་ལྷའི་ཕ་ཡུལ་ནི་ཆ་སྙོམས་ས་བབ་སྨི་4500ལྷག་ཙམ་ཡོད་པའི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འབྲོང་ཚང་ཤང་དུ་གནས་ཤིང་། ས་བབ་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ་དང་ཡུན་རིང་ཕྱི་རོལ་དུ་ཕྱུགས་འཚོ་བར་འགྲོ་དགོས་སྟབས་གཡུ་ལྷའི་པུས་མོར་ནད་ཕོག་ནས་གོམ་པ་རྒྱག་མ་ཐག་ན་ཟུག་གཏོང་གི་ཡོད་པ་རེད། སྔོན་ཆད་ནད་དེ་རིགས་ཕོག་སྐབས་ལྷ་ས་དང་ཐ་ན་ས་ཐག་དེ་བས་རིང་བར་སྨན་པ་བསྟེན་པར་འགྲོ་དགོས་སྟབས་གཅིག་ནས་དུས་ཡུན་རིང་པོ་འགོར་བ་དང་གཉིས་ནས་འགྲོ་གྲོན་ཡང་ཆེན་པོ་གཏོང་དགོས་རྐྱེན་གཡུ་ལྷ་དང་ཡུལ་མི་ཚོར་དཀའ་ངལ་ཆེན་པོ་འཕྲད།
ཡུལ་མི་ཚོ་ཐག་རིང་དུ་འགྲོ་མི་དགོས་པར་སྨན་བཅོས་ཡག་པོ་ཐུབ་པ་བྱ་ཆེད་ནག་ཆུ་གྲོང་ཁྱེར་གྱིས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཤམ་དུ་ཁྱབ་པར་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་བ་རེད།
གཤགས་བཅོས་རྗེས་ཀྱི་ཉིན་གཉིས་པར་གཡུ་ལྷ་ནད་ཁྲི་ལས་བབས་ཐུབ་པ་དང་ཁོང་ལ་གཤགས་བཅོས་བྱེད་མཁན་སྨན་པ་ཉི་མ་དངོས་གྲུབ་ཀྱིས“ཀྲུང་གོ་གསོ་རིག་སློབ་ཆེན་ཞོར་གཏོགས་ཧྲེང་ཅིང་སྨན་ཁང་གིས་ང་ཚོར་གསོ་སྦྱོང་བྱས་པའི་དྲིན་གྱིས་གཤགས་བཅོས་ཀྱི་ལག་རྩལ་མཐོ་རུ་ཕྱིན་པ་དང་སྦྱོང་བརྡར་ཡང་ཡང་བྱས་པ་བརྒྱུད་གཞི་ནས་གདེང་ཚོད་སླེབས་བྱུང”ཞེས་བཤད།
ཡུལ་དེ་གར་ནད་ཆེན་སྨན་བཅོས་བྱེད་པར་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ནི་འགག་རྩ་ཡིན་ཞིང་། ལེའོ་ཉིང་གི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལ་བརྟེན་ནས་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་མཉེན་ཆས་དང་མཁྲེགས་ཆས་ཀྱི་ཆུ་ཚད་མཐོ་རུ་ཆེས་ཆེར་སོང་ཡོད། “ལེའོ་ཉིང་གི་བོད་སྐྱོར་སྨན་པས་ནག་ཆུར་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་ཁག་280ལྷག་ཙམ་ལག་བསྟར་བྱས་ཏེ་ནད་དཔྱད་ལས་སྟེགས་མང་པོ་བཙུགས་པ་དང་རིམ་རྩིས་བརྒྱབ་ན་རྒྱང་བསྟེན་ནད་དཔྱད་ཐེངས་ཁྲི་1.4ལྷག་ཙམ་བྱས་པ་དང་དུས་མཚུངས་སྨན་པ་གསོ་སྦྱོང་རྒྱ་ཁྱབ་ངང་བྱས་པ་རེད”ཅེས་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་ཅ་ཀྲུའུ་ཆང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་རྒྱལ་ཁབ་ཀྱིས་ལོ་ལྟར་ད་དུང་སྒོར་ཁྲི་2000ལྷག་ཙམ་བཏང་ནས་སྨན་ཁང་འཛུགས་སྐྲུན་བྱས་ཏེ་སྒྲིག་ཆས་ཉོ་སྒྲུབ་དང་ཚན་རིག་ཞིབ་འཇུག་བྱ་རྒྱུར་རྒྱབ་སྐྱོར་བྱས་པས“ད་ཆ་ང་ཚོས་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ལེགས་གྲུབ་ལྡན་པའི་ངང་འཛུགས་གཏོད་བྱས་ཡོད”ཅེས་བཤད་པ་རེད།
སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་གཏོང་དགོས་ལ་གཤམ་དུ་ཁྱབ་པ་ཡང་བྱེད་དགོས་ཤིང་། སྐོར་སྐྱོད་སྨན་བཅོས་བྱ་རྒྱུ་ནི་གསར་གཏོད་ཅིག་ཡིན་པ་དང་ད་ཕན་ལོ་གཉིས་རིང་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་རིམ་རྩིས་བརྒྱབ་ན་སྐོར་སྐྱོད་སྨན་བཅོས་དང་འོས་འགན་སྨན་བཅོས་བྱེད་སྒོ་ཐེངས་19སྤེལ་ནས་ནག་ཆུ་གྲོང་ཁྱེར་གྱི་རྫོང(ཆུས)11ལ་ཁྱབ་པ་དང་སྨན་བཅོས་བྱས་པ་དང་སྨན་སྤྲད་པར་མང་ཚོགས་ཁྲི་1.3ལྷག་ཙམ་ལ་ཕན་པ་ཐོབ་ཡོད། གཡུ་ལྷ་ནི་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་འབྲོང་ཚང་ཤང་དུ་སྐོར་སྐྱོད་སྨན་བཅོས་བྱེད་སྐབས་ནད་དཔྱད་བྱས་པའི་ནད་པ་ཞིག་རེད།
ད་ཕན་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་གྱི་ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་དང་པོ་དང་། ཉེན་ཆེའི་སྦྲུམ་མ་དང་བུ་བཙའི་བུད་མེད་སྐྱོབ་བཅོས་ལྟེ་གནས་དང་པོ། ཉེན་ཆེའི་བྱིས་པ་དང་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས་དང་པོ་སོགས་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་པ་རེད།
“‘དང་པོ’དེ་དག་ལས་ཡུལ་དེའི་མང་ཚོགས་ཀྱིས་དུས་ཡུན་རིང་པོ་རེ་སྒུག་དང་བསམ་འདུན་མངོན་འགྱུར་ཐུབ་ཡོད”བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ཐེན་ཤང་ཏུང་གིས“ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་བྱིས་པའི་ཚན་ཁག་ལ་དཔེ་བཞག་ན་དེ་ནི་ཡུལ་དེར་རྒྱལ་ཁབ་ཀྱི་ནད་ཐོག་གཙོ་གནད་ཆེད་ཚན་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆོག་མཆན་ཐོབ་ཐེངས་དང་པོ་དེ་ཡིན་པ་དང་དེའི་དམིགས་ཡུལ་ནི་ས་བབ་མཐོ་བའི་འབྲོག་ཁུལ་གྱི་སྦྲུམ་མ་དང་བུ་བཙའི་བུད་མེད་ཀྱི་གཟུགས་པོ་བརྟག་དཔྱད་དཀའ་བ་དང་ཕྲུ་གུ་དམར་འབྱར་ལ་རིགས་ཁག་གི་ནད་རིགས་ཐོན་ཚད་བལྟོས་བཅས་ཀྱིས་ཅུང་མཐོ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་ཆེད་ཡིན”ཞེས་ངོ་སྤྲོད་བྱས།
སྨན་བཅོས་ལམ་ལུགས་སྒྱུར་བཅོས་ལས་ཕན་པ་ཐོབ་མཁན་ས་མཐོའི་ས་ཁུལ་ནག་ཆུ་ཙམ་མ་ཟད། ཉེ་བའི་ལོའི་རིང་བོད་ཀྱིས་རྒྱལ་ཁབ་ཀྱི་གསོ་རིག་ལྟེ་གནས་དང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་འཛུགས་གཏོད་ལས་གྲྭ་ལག་བསྟར་བྱས་ཏེ། རིམ་ལྔའི་ཞབས་ཞུའི་དྲ་རྒྱ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་1821བར་དང་། ཆེད་ལས་ལག་རྩལ་པ་ཁྲི་2.94བར། ནད་ཁྲི་ཁྲི་2.16བར་བཅས་མང་དུ་བཏང་བ་རེད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང“སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་གཤམ་སྤེལ་དང་ས་ཁོངས་དོ་སྙོམས་བཀོད་པར་སྐུལ་འདེད་གཏོང་དགོས”པའི་ནང་དོན་བཅུག་ཡོད། ཅ་ཀྲུའུ་ཆང་གིས“ཐོན་ཁུངས་ཡག་པོའི་ནུས་པ་དེ་བས་ཡག་པོ་བཏོན་ནས་ང་ཚོས་རྒྱུན་མཐུད་ཤུགས་བརྒྱབ་སྟེ་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་མཁན་ཡག་པོ་ཞིག་བྱ་རྒྱུར”རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་ཅེས་བཤད།