རྩྭ་མདའ་རྫོང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་ཕྲུ་གུ་གཉིས་ཧོ་པེ་རུ་སྨན་བཅོས་བྱེད་པར་བསྐྱོད་པ།
ཟླ་10ཚེས་8ཉིན་ཧོ་པེའི་གསོ་རིག་སློབ་ཆེན་གྱི་སྨན་ཁང་དང་པོའི་རོགས་སྐྱོར་འོག རྩྭ་མདའ་རྫོང་མི་དམངས་སྨན་ཁང་དང་རྩྭ་མདའ་རྫོང་རྒྱ་གྲམ་དམར་རྟགས་ཚོགས་པས་ལྷན་སྐྱེས་སྙིང་ནད་ཕོག་པའི་ཕྲུ་གུ་གཉིས་ཧོ་པེ་རུ་སྨན་བཅོས་བྱེད་པར་བསྐྱལ་ཡོད།
ཟླ་9ཚེས་23ནས་25ཉིན་བར་ཧོ་པེ་གསོ་རིག་སློབ་ཆེན་གྱི་སྨན་ཁང་དང་པོའི་སྨན་བཅོས་རིགས་གཅིག་མཁས་ཅན་ལྔ་ཡིས་རྩྭ་མདའ་རྫོང་དུ་དུས་ཡུན་ཉིན་གསུམ་རིང་ལྷན་སྐྱེས་སྙིང་ནད་ཡོངས་ཁྱབ་ཞིབ་བཤེར་དང་ཚན་རིག་ཁྱབ་གདལ་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། སློབ་གྲྭ་དང་སྡེ་ཁུལ་དུ་འོས་འགན་སྨན་བཅོས་དང་བདེ་ཐང་གི་ཡོངས་ཁྱབ་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་ལྷན་སྐྱེས་སྙིང་ནད་ཕོག་པའི་ཕྲུ་གུར་དབྱེ་བཤེར་རགས་ཙམ་བྱས་ཤིང་། ལྷན་སྐྱེས་སྙིང་ནད་ཕོག་པའི་ཕྲུ་གུ་3གཏན་འཁེལ་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཕྲུ་གུ་གཉིས་ཧོ་པེའི་དམིཌ་བཙུགས་སྨན་ཁང་དུ་འབྱོར་ཡོད་པ་མ་ཟད། སྨན་ཁང་གིས་ཕྲུ་གུའི་ནད་གཞིར་དམིགས་ནས་རིགས་གཅིག་མཁས་ཅན་ཚོགས་པ་སྒྲིག་འཛུགས་ཀྱིས་ལྷན་འཛོམས་བརྟག་དཔྱད་བྱས་ཏེ་ཕྲུ་གུ་སོ་སོར་རང་གཤིས་ཅན་གྱི་སྨན་བཅོས་ཇུས་གཞི་བཟོས་ཡོད།
རྩྭ་མདའ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འགན་འཁུར་བས་གོམ་སྟབས་རྗེས་མར་རྩྭ་མདའ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བོད་སྐྱོར་སྨན་བཅོས་རྣམ་གྲངས་བརྒྱུད། ས་གནས་དེ་གའི་སྨན་བཅོས་སྒྲིག་གཞི་དང་ཧོ་པེ་ཞིང་ཆེན་གྱི་འབྲེལ་ཡོད་སྨན་ཁང་དབར་ཡུན་རིང་མཉམ་ལས་གཏིང་ཟབ་བྱས་ཏེ། ལྗོངས་ཕྱིའི་སྨན་བཅོས་རིགས་གཅིག་མཁས་ཅན་དེ་བས་མང་བ་རྩྭ་མདའ་རྫོང་དུ་ལག་རྩལ་ལ་མཛུབ་ཁྲིད་དང་ཤེས་ལྡན་པ་གསོ་སྦྱོང་བྱེད་པར་གདན་འདྲེན་ཞུ་རྒྱུ་ཡིན་པ་མ་ཟད། ཡུལ་འདི་གའི་སྨན་དོན་པ་ལྗོངས་ཕྱིར་ཟབ་སྦྱོང་ལ་བཏང་ནས་རྩྭ་མདའ་རྫོང་གི་ལྷན་སྐྱེས་སྙིང་ནད་སྨན་བཅོས་བྱེད་ནུས་རིམ་བཞིན་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།