རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན་པ་སངས་སྒྲོལ་མས་བརྗོད་དོན། བརྩེ་སེམས་ཀྱི་ཉི་འོད་ལ་བརྟེན་ནས་ཕྲུ་གུ་ཚོར་དྲོ་སྐྱིད་སྦྱིན་འདོད།
རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན་གྱི་མཚན་སྙན་ཐོབ་པའི་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཆ་ཚང་སློབ་ཆུང་གི་དགེ་རྒན་པ་སངས་སྒྲོལ་མས“དཔེ་ཁྲིད་མི་སྐྱོང་བྱ་རྒྱུ་ནི་ངའི་མི་ཚེ་འདིའི་གདམ་ག་དང་། དགེ་རྒན་ཚད་ལྡན་ཞིག་བྱ་རྒྱུ་ནི་ངའི་མི་ཚེའི་དམིགས་ཡུལ་ཡིན་ལ། ཕུལ་བྱུང་དགེ་རྒན་ཞིག་བྱ་རྒྱུ་ནི་ངའི་ཚེ་གང་གི་དོན་གཉེར་བྱ་ཡུལ་ཡིན་པས། ངས་བརྩེ་སེམས་ཀྱི་ཉི་འོད་ལ་བརྟེན་ནས་ཕྲུ་གུ་ཚོར་དྲོ་སྐྱིད་སྦྱིན་འདོད་ཡོད”ཅེས་བཤད།
ད་ལོ་ལོ་39ལ་སླེབས་པའི་པ་སངས་སྒྲོལ་མ་2007ལོར་རྒྱལ་སའི་དགེ་འོས་སློབ་ཆེན་གྱི་སློབ་ཆུང་ཆེད་ལས་ནས་སློབ་མཐར་ཕྱིན་པ་དང་། དང་ཐོག་མཚོ་ཆེན་རྫོང་ཟླ་གཞུང་ཤང་སློབ་ཆུང་དུ་དགེ་རྒན་བྱས་པ་དང་2013ལོར་མཚོ་ཆེན་རྫོང་ཆ་ཚང་སློབ་ཆུང་དུ་སླེབས་པ་ནས་ད་བར་སློབ་གྲྭ་དེའི་དགེ་རྒན་བྱས།
མཚོ་ཆེན་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཟིན་ཞིང་། དེ་ནི་ས་བབ་མཐོ་བའི་རྫོང་ཉུང་ཤས་ཀྱི་གྲས་ཤིག་ཡིན་པ་དང་། མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་དང་བར་ཐག་སྤྱི་ལེ་740ལྷག་ཙམ་ཆོད་པའི་འབྲོག་ལས་རྐྱང་པའི་རྫོང་ཞིག་རེད། དུས་ཡུན་ལོ་17ཙམ་གྱི་སློབ་ཁྲིད་ལས་ལ་གཞོལ་རིང་། པ་སངས་སྒྲོལ་མས“དཀའ་ཚེགས་ཆེ་ཡང་དཀའ་ངལ་ལ་མི་སྐྲག་པ”དང“གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པའི”བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་དད་སེམས་ལ་བརྟེན་ནས་འབད་བརྩོན་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད།
རྒྱུན་གཏན་སློབ་ཁྲིད་བྱེད་རིང་པ་སངས་སྒྲོལ་མས་བསླབ་ཚན་གྱི་ཚད་གཞི་དང་། བསླབ་གཞི། སློབ་ཁྲིད་བཅས་ལ་དཀའ་སྤྱད་བརྩོན་ཞིབ་བྱས་ནས། སློབ་ཁྲིད་ཀྱི་རིགས་པའི་གཞུང་ལུགས་དང་རིག་ཚན་གྱི་ཤེས་བྱ་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་། སློབ་ཁྲིད་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། སློབ་ཁྲིད་གྲ་སྒྲིག་ནན་ཏན་བྱེད་པ། སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་གཏོང་བ། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་རྒྱུར་སྣང་ཆེན་བྱེད་ཀྱི་ཡོད། ཁོང་གི་འབད་བརྩོན་འོག་དེ་སྔ་ཉོབ་སྣང་ཆེ་བའི་རྩིས་རིག་སློབ་ཚན་ད་ལྟ་གསོན་ཉམས་དང་སྤྲོ་སྣང་ཆེན་པོ་ལྡན་པར་གྱུར་བ་དང་སློབ་མ་ཚོ་གཞན་གྱི་སྐུལ་ལྕག་འོག་ཤེས་བྱ་སྦྱོང་མཁན་ཞིག་ནས་ཧུར་བརྩོན་དང་རང་འགུལ་ལྡན་པའི་སློབ་གཉེར་བ་ཞིག་ཏུ་གྱུར་ཡོད།
སློབ་ཚན་སློབ་ཁྲིད་བྱེད་པ་དང་དུས་མཚུངས། པ་སངས་སྒྲོལ་མས་ད་དུང་ལོ་མང་རིང་འཛིན་བདག་གི་འགན་འཁུར་བ་རེད། ཁོང་གིས་སློབ་གསོ་རྒྱག་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་ནས་སློབ་མར་ལྟ་སྟངས་དམ་ནན་འཛིན་པ་དང་། ལྷག་བསམ་ཟོལ་མེད་ཀྱིས་སློབ་མ་དང་འབྲེལ་འདྲིས་བྱེད་པ། གཅེས་སེམས་ཟབ་མོས་སློབ་མ་དང་འབྲེལ་གཏུག་བཅས་བྱས་ཏེ། རང་འགན་གཙང་སྒྲུབ་དང་ངོ་གནོང་མི་དགོས་པ་ཞིག་བྱེད་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡོད། མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པ་ལྟར། པ་སངས་སྒྲོལ་མས་སློབ་ཁྲིད་བྱེད་པའི་འཛིན་གྲྭའི་སྦྱངས་འབྲས་ལོ་ལྟར་སློབ་གྲྭའི་མདུན་གྲལ་དུ་སླེབས་ཀྱི་ཡོད། 2020ལོའི་སློབ་ཆུང་ཡིག་རྒྱུགས་ནང་ཁོང་གིས་འཛིན་བདག་གི་འགན་འཁུར་བའི་འཛིན་གྲྭའི་སློབ་རིམ་འཕར་ཚད་དང་རྩིས་རིག་གི་སློབ་ཚན་རྐྱང་པའི་སྦྱངས་འབྲས་རྫོང་ཁོངས་སུ་ཟིན་ཐོ་གསར་པ་བཏོད་པས། སློབ་གྲྭའི་འགོ་ཁྲིད་དང་། སློབ་མ། ཁྱིམ་བདག་བཅས་ཀྱི་ཁས་ལེན་ཐོབ་ཡོད། ཁོང་ལ་ས་ཁུལ་དང་གྲོང་ཁྱེར་རིམ་པ་དང་རྫོང་རིམ་པའི་རྐང་འཛིན་དགེ་རྒན་དང་། ཕུལ་བྱུང་དགེ་རྒན། ཕུལ་བྱུང་འཛིན་བདག གྲགས་ཅན་དགེ་རྒན་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ་མྱོང་ཡོད། ཉེ་ཆར་པ་སངས་སྒྲོལ་མར་2024ལོའི་རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན་གྱི་མཚན་སྙན་ཐོབ་པ་རེད།
པ་སངས་སྒྲོལ་མས“མི་ལ་ལས་མཚོ་ཆེན་དུ་ལས་ཀ་བྱེད་པར་དཀའ་ངལ་ཆེན་པོ་ཡོད་པ་དང་། ལ་ལས་དགེ་རྒན་བྱས་ན་ལས་ཉོབ་པོ་ཡིན་པའི་ངོས་འཛིན་བྱས་མོད། འོན་ཀྱང་ང་དགེ་རྒན་གྱི་ལས་ཀ་དེར་དགའ་པོ་ཡོད་ལ་ངའི་སློབ་མར་དེ་བས་ཀྱང་དགའ་པོ་ཡོད། ཡུལ་འདི་གའི་ཕྲུ་གུ་ཚོར་ང་དགོས་མཁོ་ཆེན་པོ་ཡོད་པས། ངས་ཁོང་ཚོར་དེ་བས་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་ལ་བལྟ་རུ་འཇུག་འདོད་ཡོད”ཅེས་བཤད།
དགེ་རྒན་གྱི“བརྒྱུད་རོགས་ཁྲིད་གསུམ”གྱི་ལས་དོན་སྤེལ་རིང་། པ་སངས་སྒྲོལ་མས་ལོ་མང་བསྟུད་མར་གཞོན་སྐྱེས་དགེ་རྒན་གྱི་མཛུབ་ཁྲིད་དགེ་རྒན་བྱས་ནས་རང་ཉིད་ཀྱི་སློབ་ཁྲིད་ཉམས་མྱོང་སྦ་གསང་མེད་པར་ཁོང་ཚོར་བུམ་པ་གང་བྱོའི་ཚུལ་གྱིས་སློབ་བཞིན་ཡོད། པ་སངས་སྒྲོལ་མས་མཚོ་ཆེན་རྫོང་དུ་རྫོང་གི་གསོ་སྦྱོང་དང་སློབ་གྲྭའི་དགེ་རྒན་གསོ་སྦྱོང་གི་འཆད་ཁྲིད་བྱེད་འགན་འཁུར་བ་མ་ཟད། ལོ་ལྟར་གཞི་རིམ་གྱི་ཤང་གྲོང་སློབ་གྲྭར“སློབ་ཁྲིད་ཀྱི་ཉམས་མྱོང་སྤེལ་རེས”སོགས་ཀྱི་འཆད་ཁྲིད་སྣ་ཚོགས་བྱེད་ཀྱི་ཡོད།
པ་སངས་སྒྲོལ་མས་སློབ་མ་མི་རེ་ངོ་རེའི་ལུས་སེམས་བདེ་ཐང་དང་རང་གཤིས་ཀྱི་འགྱུར་བར་དོ་ཁུར་བྱེད་པ་དང་། ལྷག་པར་དུ་གཞིས་ལུས་བྱིས་པ་དང་། ཁྱིམ་ཚང་ལ་གནས་ཚུལ་ཆེན་པོ་བྱུང་བའི་སློབ་མ། སྨྱོ་ནད་དང་སེམས་ཁམས་ཀྱི་གནད་དོན་ཡོད་པའི་ཕྲུ་གུ་སོགས་དམིགས་བསལ་ཚོགས་སྤྱིར་དོ་ཁུར་ཆེན་པོ་བྱེད་ཅིང་། སློབ་མ་སོ་སོའི་རང་གཤིས་མི་འདྲ་བའི་ཆར་བརྩི་འཇོག་གང་ལེགས་བྱེད་པ་དང་། སློབ་མའི་སེམས་གཏིང་གི་སྐད་ཆར་ཉན་པ། ངང་རྒྱུད་རིང་པོས་སློབ་གསོ་རྒྱག་པ་བཅས་བྱས་པས། སློབ་མ་ཚོའི་ཀུན་སྤྱོད་དང་། སེམས་ཁམས། སློབ་སྦྱོང་སོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ནུས་པ་བཟང་པོ་ཐོན་ཡོད།