དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ས་མཐོའི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལས་ལ་གཞོལ།

    —— ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའི་སྡེ་ཁག་གི་སྨན་པ་སྤེན་པ་སྒྲོལ་མའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཅན་དང་ལུའེ་ཤིང་།   |     སྤེལ་དུས།  2024-10-09

    འདི་ལོ། ལོ་55ལ་སླེབས་པའི་སྤེན་པ་སྒྲོལ་མ་ཡོན་ཀྲང་གཞོན་པའི་ལས་གནས་ལས་རྒན་ཡོལ་ཞུས་ཏེ་ཟླ་གཅིག་ལས་སོང་མེད་ཀྱང་སླར་ཡང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བུད་མེད་དང་བུ་བཙའི་སྡེ་ཁག་གི་མཚན་འཛིན་ཀྲུའུ་རེན་ལ་གདན་ཞུ་བྱས།

    སྨན་པའི་ལས་ལ་གཞོལ་འགོ་ཚུགས་པ་ནས་བཟུང་། སྤེན་པ་སྒྲོལ་མས་བུད་མེད་དང་བུ་བཙའི་སྡེ་ཁག་ཏུ་གཤགས་བཅོས་ཆེ་ཆུང་ཁྲི་ལ་ཉེ་བ་བྱས་པའི་ནང་། ལོ་ཆེ་ཤོས་85དང་ཆུང་ཤོས་ལོ་9ལས་ཟིན་གྱི་མེད། ལོ་ལྟར་བཅོས་དཀའ་བ་དང་ཚབ་ལྕི་བའི་ནད་པ་གྲངས་མེད་སྐྱོབ་པའི་ལས་དོན་ལ་མཛུབ་ཁྲིད་བྱེད་པ་མ་ཟད། མྱུར་སྐྱོབ་ནང་ཧུར་ཐག་ཞུགས་ཀྱི་ཡོད། ཡུན་རིང་གི་ནད་ཐོག་སྨན་བཅོས་ལག་ལེན་དང་ལས་སྒོའི་གསོ་སྦྱོང་ནང་ཧུར་ཐག་ཞུགས་པ་བརྒྱུད་ཁོང་བོད་ཀྱི་བུད་མེད་དང་བུ་བཙའི་སྡེ་ཁག་རིག་ཚན་གྱི་སྣེ་ཁྲིད་པར་རིམ་གྱིས་འཚར་ལོངས་བྱུང་ཡོད་ལ། ཉེན་ཁ་ཆེ་བའི་སྦྲུམ་མ་འཆི་ཚད་དང་ཕྲུ་གུ་དམར་འབྱར་འཆི་ཚད་ཉུང་དུ་གཏོང་ཆེད་བྱས་རྗེས་ཀྱང་ཆེན་པོ་བཞག་ཡོད།

    2012ལོའི་དགོང་མོ་ཞིག་ལ། ཁྲག་ཤེད་མཐོ་བ་དང་ནད་ཚབ་ལྕི་བའི་སྦྲུམ་མ་ཞིག་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྐྱལ། བཤགས་བཅོས་བྱས་ནས་ཕྲུ་གུ་བཏོན་རྗེས་ཁྲག་མང་པོ་ཤོར་ནས་ཉེན་ཁ་ཆེ་བའི་སྐབས་སུ། སྤེན་པ་སྒྲོལ་མས་འཕྲལ་མར་སྡེ་ཁག་གི་སྨན་དོན་མི་སྣ་སྒྲིག་འཛུགས་བྱས་ནས་ནད་པའི་བུ་སྣོད་གཤགས་བཅོས་བྱས།

    གཤགས་བཅོས་བྱས་པ་བརྒྱུད། ནད་པའི་སྲོག་བསྐྱབས་ཐུབ་པ་མ་ཟད། སྨན་དོན་མི་སྣའི་ལྟ་སྐྱོང་ཞིབ་ཚགས་འོག་དྲག་སྐྱེད་ཀྱང་བྱུང་བ་རེད།

    ནམ་ཡང་མི་འདོར་བ་དང་འཚོལ་ཞིབ་བྱེད་ཕོད་པའི་སྙིང་སྟོབས་དེ་ཁོང་གི་ལུས་ཐོག་ནས་ལྷག་པར་མངོན།

    1988ལོར་སྤེན་པ་སྒྲོལ་མ་ཧྲའན་ཤིས་ཞིང་ཆེན་ཞན་དབྱང་གྲོང་ཁྱེར་བོད་ལྗོངས་མི་རིགས་སློབ་གླིང(ད་ལྟའི་བོད་ལྗོངས་མི་རིགས་སློབ་ཆེན)དུ་ནད་ཐོག་གསོ་རིག་སྦྱངས། རང་ཉིད་ཀྱི་སློབ་སྦྱོང་སློབ་མ་གཞན་ལས་སྐྱོ་བ་ཡོད་པ་ཤེས་རྗེས། ལོ་5ཡི་རིང་ཁོང་གིས་དངོས་ཁམས་དང་། རྫས་འགྱུར། དབྱིན་ཡིག་སོགས་ཧུར་ཐག་སྦྱངས་ནས་སློབ་མ་གཞན་གྱི་རྗེས་ཟིན་པར་བྱས་པ་མ་ཟད། ཁོམ་པ་བྱུང་མ་ཐག་གྲོང་ཁྱེར་ལྟེ་བའི་སྨན་ཁང་དུ་དངོས་སྦྱོང་བྱས་ནས་རང་ཉིད་ཀྱི་ནད་ཐོག་སྨན་བཅོས་ཀྱི་ལག་རྩལ་མཐོ་རུ་གཏོང་བར་འབད།

    སློབ་གྲྭ་ཐོན་རྗེས། སྤེན་པ་སྒྲོལ་མ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར(སྐབས་དེ་དུས་ལྷོ་ཁ་ས་ཁུལ་ཟེར)གྱི་མ་བུ་བདེ་བླག་སྨན་ཁང་གི་བུད་མེད་དང་བུ་བཙའི་སྡེ་ཁག་གི་སྨན་པ་ཞིག་བྱས། སྐབས་དེ་དུས། སྨན་ཁང་གི་ཕྱོགས་བསྡུས་ཆ་རྐྱེན་ཞན་པས་སྨན་པས་མངལ་ཆགས་ཕྲུ་གུའི་སྙིང་དབྱུགས་ཚད་དེ་ཤིང་ལས་བཟོས་པའི་ཉན་ཆས་དང་ལྕགས་ལས་བཟོས་པའི་ཉན་ཆས་ལ་བརྟེན་ནས་ཉན་དགོས་ཀྱི་ཡོད། ཧོ་ནན་དང་། ཀོང་ཏུང་། ཧྲའན་ཤིས་སོགས་ས་ཁུལ་ནས་ཡོང་བའི་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་ཁོང་ལ་ལག་རྩལ་བསླབས་པ་དང་རང་ཉིད་ཀྱིས་སྙིང་རུས་ཆེན་པོས་སློབ་སྦྱོང་དང་ནད་ཐོག་སྨན་བཅོས་ཧུར་ཐག་བྱས་མཐར་རིམ་གྱིས་ལས་སྒོའི་རྐང་འཛིན་པར་འགྱུར་ཡོད།

    གཞི་རིམ་དུ་སྦྱོང་བརྡར་ལོ་4བྱས་པ་བརྒྱུད། སྤེན་པ་སྒྲོལ་མ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བུད་མེད་དང་བུ་བཙའི་སྡེ་ཁག་ཏུ་ལས་སྒྱུར་བྱས་པ་མ་ཟད། པེ་ཅིང་མཛའ་གྲོགས་སྨན་ཁང་དང་། ཨ་རིའི་ཡིའུ་ཐཱ་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་། ཅང་སུའུ་ཞིང་ཆེན་མི་དམངས་སྨན་ཁང་བཅས་སུ་སྤེལ་རེས་དང་ཟབ་སྦྱོང་བྱེད་པར་བསྐྱོད། སྦྱངས་པ་མཐར་ཕྱིན་རྗེས་བུད་མེད་སྡེ་ཁག་གི་སྐྲན་ནད་ཀྱི་ལས་སྒོ་རྒྱ་ཆེར་སྤེལ།

    2015ལོར་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་བར་བརྟེན་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའི་སྡེ་ཁག་གི་སྟོབས་ཤུགས་སྔར་བས་ཆེ་རུ་ཕྱིན་ཞིང་། བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག་སྤེན་པ་སྒྲོལ་མས་བུད་མེད་དང་བུ་བཙའི་སྡེ་ཁག་གི་ཚོགས་པའི་སྣེ་ཁྲིད་དེ་སྐྲན་ནད་གཤགས་བཅོས་དང་། རྫས་འགྱུར་སྨན་བཅོས། རིམས་འགོག་སོགས་ལག་རྩལ་གྱི་ལག་ལེན་དངོས་ལ་གཞོལ། ད་ཆ་ས་མཐོར་ལག་རྩལ་དེ་དག་བྱང་ཆུབ་པས་བོད་དུ་འབྲས་སྐྲན་ཕོག་མཁན་བུད་མེད་ནད་པ་སྐྱོབ་ཆེད་ནུས་པ་གལ་ཆེན་བཏོན་ཡོད།

    རྒྱུན་དུ་ལས་ཞོར་སྐབས། སྤེན་པ་སྒྲོལ་མས་ད་དུང་ལས་སྒོ་ཁག་གི་གསོ་སྦྱོང་ནང་ཧུར་ཐག་ཞུགས་པ་མ་ཟད། ལས་སྒོའི་གསོ་སྦྱོང་སྣ་ཚོགས་སྒྲིག་འཛུགས་བྱེད་ཀྱི་ཡོད། ད་བར་ཁོང་གིས་གསོ་སྦྱོང་བྱས་པའི་སློབ་མ་3000ལྷག་ཙམ་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྨན་ཁང་དང་གྲོང་གསེབ་ཀྱི་སྨན་ཁང་ཁག་ཏུ་ཁྱབ་ཡོད། དེ་དང་ཆབས་ཅིག་བོད་ལྗོངས་སློབ་ཆེན་གྱི་རབ་འབྱམས་པའི་སློབ་དཔོན་གྱི་མིང་ཐོག་ནས་སློབ་གྲྭར་སློབ་ཁྲིད་དང་སློབ་མ་གསོ་སྐྱོང་བྱེད་ཀྱི་ཡོད།

    སྤེན་པ་སྒྲོལ་མས་བརྒྱུད་རོགས་ཁྲིད་གསུམ་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའི་སྡེ་ཁག་གི་ཤེས་ལྡན་པའི་ཚོགས་པ་བཙུགས་ཤིང་། སྡེ་ཁག་དེ་བོད་རང་སྐྱོང་ལྗོངས་ཉེན་ཆེའི་སྦྲུམ་མ་སྐྱོབ་བཅོས་ལྟེ་གནས་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་སྐྱེ་གཡོག་པ་ཚད་ལྡན་ཅན་གྱི་གསོ་སྦྱོང་རྟེན་གཞི་ཐོག་མར་གྱུར་ཡོད། ཁོང“རྒྱལ་ཡོངས་བུད་མེད་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་སྔོན་ཐོན་མི་སྒེར”ལ་བདམས་པ་དང“རྒྱལ་ཁབ་ཀྱི་ཤེས་ལྡན་པ་ཁྲི་སྟོང་མང་པོའི་འདུ་འགོད”མིང་བྱང་ནང་ཚུད་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཡང་ལོངས་སུ་སྤྱོད་བཞིན་ཡོད་པ་དང་། སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་པ་དང་2022ལོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།