རྒྱ་བོད་རླུང་འཕྲིན་གསར་འགྱུར་གྱི་ཡིག་སྒྱུར་སྐོར་རགས་ཙམ་གླེང་བ།
རླུང་འཕྲིན་དང་བརྙན་འཕྲིན། ཚགས་པར་བཅས་ནི་རྒྱུན་སྲོལ་གྱི་སྨྱན་སྦྱོར་ཆེན་པོ་གསུམ་དུ་གྲགས་པ་དང་སྨྱན་སྦྱོར་མི་འདྲ་བའི་བྱེད་ནུས་མི་འདྲ་བ་ལ་བརྟེན་ནས་དེའི་གསར་འགྱུར་བརྒྱུད་བསྒྲགས་ཀྱི་ཐབས་ལམ་ཡང་མི་འདྲ་ལ། གསར་འགྱུར་ཡིག་སྒྱུར་གྱི་ཐབས་ལམ་དང་བླང་བྱའང་མི་འདྲ་བ་ཡིན། འདིར་རླུང་འཕྲིན་གྱི་ཁྱད་ཆོས་གཙོ་བོར་བཟུང་ནས་དེའི་གསར་འགྱུར་ཡིག་སྒྱུར་སྐོར་ལ་རང་བློས་གང་དཔོག་གིས་དཔྱད་པ་ཕྲན་ཙམ་བྱ་བ་ལ།
དང་པོ། རླུང་འཕྲིན་གསར་འགྱུར་ཡིག་སྒྱུར་གྱི་མྱུར་བའི་རང་བཞིན།
བརྙན་འཕྲིན་དང་ཚགས་པར་དང་བསྡུར་ན་རླུང་འཕྲིན་གྱི་མྱུར་བའི་རང་བཞིན་ནི་དེའི་ཁྱད་ཆོས་གཙོ་བོ་ཞིག་རེད། རླུང་འཕྲིན་ལ་ཆ་འཕྲིན་བརྒྱུད་སྤྲོད་མགྱོགས་མྱུར་བྱེད་པའི་སྟབས་བདེའི་ཁྱད་ཆོས་ལྡན་ཡོད་པས། གལ་ཏེ་ཛ་དྲག་གི་གསར་འགྱུར་ཞིག་ཡིག་སྒྱུར་བྱས་ནས་གཏོང་སྤེལ་བྱེད་དགོས་ཚེ་དེས་ཡིག་སྒྱུར་བར་ཚོད་བགམ་ནན་པོ་འཕྲད་ཀྱི་ཡོད། སྤྱིར་རླུང་འཕྲིན་གསར་འགྱུར་ཡིག་སྒྱུར་བ་ཞིག་ལ་ཆ་མཚོན་ན་ངག་ཐོག་ཡིག་སྒྱུར་ལ་བྱང་གོམས་ངེས་ཅན་ཞིག་ཡོད་དགོས་ཤིང་། དེ་འདྲའི་མྱོང་ཆ་ལྡན་པ་ཡིན་ན་གསར་འགྱུར་གང་ཞིག་དུས་ཐོག་ཏུ་ཡིག་སྒྱུར་བརྒྱུད་སྤེལ་བྱེད་པའི་སྐབས་སུ་དཀའ་ངལ་དེ་ཙམ་འཕྲད་མི་སྲིད། དེ་དང་ཆབས་གཅིག་ཏུ་རླུང་འཕྲིན་གསར་འགྱུར་ཡིག་སྒྱུར་བས་རྣམ་ཀུན་ནས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་དང་དཔལ་འབྱོར་དང་རིག་གནས་ལ་སོགས་པའི་ཐ་སྙད་ཀྱི་མཚོན་སྟངས་དང་དེའི་ནང་དོན་ལ་མཉམ་འཇོག་མང་ཙམ་བྱེད་དགོས་པ་ནི་རླུང་འཕྲིན་གསར་འགྱུར་ཡིག་སྒྱུར་མགྱོགས་མྱུར་ཡོང་ཐབས་གལ་ཆེན་ཞིག་རེད། དཔེར་ན། “六城同创”ཞེས་པ་དེར་རྣམ་ཀུན་ནས་སྣང་འཇོག་མེད་ན། དེར་གྲོང་ཁྱེར་དྲུག་མཉམ་དུ་གཏོད་ཅེས་སུ་བསྒྱུར་རྒྱུ་ནི་ཐེ་ཚོམ་མི་དགོས་པ་ཞིག་རེད། དེས་ན་ཡིག་སྒྱུར་བས་དུས་རྒྱུན་ནས“六城同创”ཞེས་པ་དེའི་གོ་བ་རྒྱུད་ལ་ཡོད་ན་མ་བསམ་རང་ཤུགས་སུ་དེ་ཤེས་དཔལ་ལྡན་པ་དང་སྣོད་བཅུད་བཟང་བ་ལ་སོགས་པའི་ཁྱད་ཆོས་དྲུག་དང་ལྡན་པའི་གྲོང་ཁྱེར་གཏོད་དགོས་ཞེས་པའི་དོན་ཡིན་པ་བློ་ངོར་གསལ་ལེར་འཆར་སྲིད་ལ། དེར་ཁྱད་ཆོས་དྲུག་ལྡན་གྱི་གྲོང་ཁྱེར་མཉམ་དུ་གཏོད་ཅེས་བསྒྱུར་ངེས་པས། དེས་གསར་འགྱུར་གང་དེའི་དོན་འཁྲུལ་བ་མེད་པར་རྒྱ་ཆེའི་གསན་པ་པོར་འཕྲོད་ཐུབ་པའོ།
གཉིས་པ། རླུང་འཕྲིན་གསར་འགྱུར་ཡིག་སྒྱུར་གྱི་གོ་བདེའི་རང་བཞིན།
མ་གཞི་ཡིག་སྒྱུར་གང་ཞིག་ཡིན་ནའང་དེ་ལ་གོ་བདེའི་རང་བཞིན་ལྡན་དགོས་པ་ནི་ཡིག་སྒྱུར་གྱི་གོ་བརྡ་འཕྲོད་ཐུབ་མིན་གྱི་འགག་རྩ་ཡིན། སྤྱིར་ཡིག་སྒྱུར་གྱི་སྒྱུར་ཐབས་ལ་སྒྲ་སྒྱུར་དང་། དོན་སྒྱུར། ཐད་སྒྱུར། ཐད་ལོག་ཏུ་སྒྱུར་བ་སོགས་ཐབས་རྩལ་མི་འདྲ་བ་མང་པོ་ཡོད་པས་སྒྱུར་ཐབས་དེ་རིགས་ཡིག་སྒྱུར་ཁྲོད་གང་འགབ་ཅི་འོས་སུ་སྤྱོད་དགོས་པ་ནི་སྨོས་མེད་རེད། ཡིན་ནའང་རླུང་འཕྲིན་ཡིག་སྒྱུར་ཁྲོད་སྤྱོད་ཐབས་མང་བའི་ཡིག་སྒྱུར་ཐབས་རྩལ་ལས་དོན་སྒྱུར་དེ་ཅུང་གལ་ཆེ་བ་ཡིན། རླུང་འཕྲིན་ནས་གསར་འགྱུར་སྤེལ་སྐབས་སྙན་སྒྲོན་པས་གསར་འགྱུར་མགྱོགས་མྱུར་ཀློག་ཚར་བ་བྱེད་དགོས་པས་གསར་འགྱུར་ཡིག་སྒྱུར་ཚིག་བསྡུས་ཆེ་དྲག་པའམ་ཐད་སྒྱུར་ཆེ་དྲག་ན་གསན་པ་པོས་གསར་འགྱུར་གྱི་ཐ་སྙད་དེ་དག་ལ་གོ་བ་ལེན་ཞོར་དུ་ནང་དོན་ཕྱི་མ་རྣམས་ལ་བསམ་བློ་གཏོང་ཁོམ་མ་བྱུང་བར་གསར་འགྱུར་གྱི་གོ་དོན་ཆ་ཚང་བ་ཞིག་རྟོགས་མི་ཐུབ་པ་ཡིན། དཔེར་ན།“实现再就业”ཞེས་པ་ཞིག་གསར་འགྱུར་ཡིག་སྒྱུར་ཁྲོད་ཐོན་ཚེ་ཡིག་སྒྱུར་བས་རྒྱ་ཡིག་གི་ཚིག་ངོས་ལ་གཏུགས་ཏེ་དེར་ལས་ཞུགས་བསྐྱར་མ་མངོན་འགྱུར་བྱུང་བ་ཞེས་སུ་བསྒྱུར་ན་གསན་པ་པོས་དེ་ལ་གོ་བ་ཡག་པོ་ཞིག་ལོན་མི་ཐུབ་པས། དེར་ཡང་བསྐྱར་ལས་ཀ་རག་ཡོད་ཅེས་བསྒྱུར་ན་ཚང་མས་ཐོས་མ་ཐག་ཏུ་དེའི་དོན་ཡིད་ངོར་གསལ་ལེར་འཆར་ཐུབ་པ་ཡིན། དེ་བཞིན་དུ་དཔེར་ན། “保证国民经济持续、快速、健康发展”ཞེས་པའི་རྒྱ་ཡིག་གི་ཐ་སྙད“健康”ཞེས་པར་བདེ་ཐང་ཞེས་སུ་ཐད་སྒྱུར་བྱས་ན་གོ་ལོག་བྱུང་སྲིད་པས། དེར་རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་དང་། མྱུར་པོ། སྐྱོན་མེད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱེད་དགོས་ཞེས་སུ་བསྒྱུར་ཚེ་ཀུན་གྱིས་གོ་དོན་རྟོགས་ཐུབ། དེ་དང་ཆབས་ཅིག་རླུང་འཕྲིན་ཡིག་སྒྱུར་གྱི་གོ་བདེའི་རང་བཞིན་བརྗོད་པའི་སྐབས་སུ་རླུང་འཕྲིན་ཡིག་སྒྱུར་བས་རྣམ་ཀུན་ནས་ཕན་ཚུན་ཁ་བརྡ་བྱེད་པའི་སྐབས་སུ་ཞེ་ཚིག་བེད་སྤྱོད་ལ་སྣང་ཆུང་རྩ་བ་ནས་གཏོང་མི་རུང་། རླུང་འཕྲིན་གསར་འགྱུར་ཡིག་སྒྱུར་བྱེད་པའི་སྐབས་སུ་གསར་འགྱུར་རྩོམ་ཡིག་འགའ་ཞིག་གི་ཁྲོད་དུ་ཞེ་ཚིག་བེད་སྤྱོད་མི་བྱེད་ཀ་མེད་ཡིན་པས། ཞེ་ཚིག་ལོག་པར་སོང་ན་བཞད་བགད་ཀྱི་རྒྱུར་གྱུར་ངེས་ལ། གསར་འགྱུར་གང་དེའི་བསྟན་བྱའི་ནང་དོན་ཡང་ཕྱིན་ཅི་ལོག་ནས་ཡིག་སྒྱུར་གྱི་དགོས་པ་སྒྲུབ་མི་ཐུབ་པ་ཡིན། ཞེ་ཚིག་ནི་བོད་མིའི་ཁ་ན་ཡོད་པའི་ཡ་རབས་གཤིས་བཟང་གི་མངོན་ཚུལ་ཞིག་ཡིན་པས་དེ་རྒྱུན་པར་མི་ཕན་ཚུན་འབྲེལ་འདྲིས་བྱེད་པའི་སྐབས་སུ་འབྲེལ་ལམ་ཟབ་ཏུ་གཏོང་བའི་ཐབས་རྩལ་ཞིག་ཡིན་ལ། རླུང་འཕྲིན་གསར་འགྱུར་ཡིག་སྒྱུར་གྱི་ཁྲོད་དུ་ཞེ་ཚིག་སྤྱོད་མཁས་པོ་བྱུང་ན་གསར་འགྱུར་ཉན་མཁན་རྣམས་ལ་གསར་འགྱུར་གང་དེ་ཉན་སྤྲོ་བ་ཡོང་གི་རེད། དཔེར་ན། གསར་འགྱུར་ཁྲོད“他的功绩让人人敬畏”ཞེས་པ་ལྟ་བུ་མི་བུ་བྱས་རྗེས་ཅན་ཞིག་གི་བྱས་རྗེས་སྐོར་གྱི་འཕྲིན་རྩོམ་གཅིག་གི་ཁྲོད་དུ་དེ་ལྟ་བུའི་སྐད་ཆ་ཐོན་ཚེ་ང་ཚོས་ཐད་ཀར“ཁོ་པའི་བྱས་རྗེས་ལ་ཚང་མས་བརྩི་འཇོག་ཐོབ”ལྟ་བུར་བསྒྱུར་ཚེ། མ་གཞི་བསྟན་བྱའི་དོན་ལ་ནོར་འཁྲུལ་མེད་ཀྱང་། དེས་མི་རྣམས་ལ་བློ་ཚིམ་ཡིད་ཚིམ་གྱི་བརྡ་ཞིག་སྤྲོད་ཐུབ་མེད་ལ་བརྗོད་བྱའི་མི་སྣ་གང་དེར་གུས་ལུགས་བརྩི་འཇོག་ཀྱང་ཐོབ་མེད་པས་ཉན་པ་པོས་ཀྱང་བརྡ་སྤྲོད་སྟངས་འདི་རིགས་ལ་དགའ་པོ་བྱེད་མི་སྲིད། དེར་བརྟེན་དེའི་རིགས་ལ“ཁོང་གི་མཛད་རྗེས་ལ་ཀུན་གྱི་དད་བཀུར་ཐོབ”ཅེས་སུ་བརྗོད་ན་ཡིག་སྒྱུར་བྱས་པའི་འགྱུར་ཡིག་དེས་ཉན་པ་པོའི་སྤྲོ་བ་བསྲིངས་ཐུབ་པ་ཡིན་ནོ།
གསུམ་པ། རླུང་འཕྲིན་གསར་འགྱུར་ཡིག་སྒྱུར་བར་གསར་འགྱུར་གྱི་ཆེད་ལས་ཤེས་བྱ་མི་དམན་པ་ལྡན་དགོས།
གསར་འགྱུར་ལས་དོན་པ་དང་། ལྷག་པར་དུ། གསར་འགྱུར་ཡིག་སྒྱུར་བར་གསར་འགྱུར་ཐད་ཀྱི་ཆེད་ལས་ཤེས་བྱ་གང་འཚམ་ལྡན་དགོས་པ་ཡིན། དེ་གང་ཡིན་ཟེར་ན། གསར་འགྱུར་འགའ་རེ་ཡིག་སྒྱུར་བྱེད་པའི་ཁྲོད་དུ་གསར་འགྱུར་ཤོངས་ཚད་ཀྱིས་རྐྱེན་པས་རླུང་འཕྲིན་ནང་གསར་འགྱུར་འགའ་རེ་ཁུ་བསྡུ་བྱེད་དགོས་པ་དང་གསར་འགྱུར་ཡིག་སྒྱུར་བར་གསར་འགྱུར་གྱི་ཆེད་ལས་ཤེས་བྱ་ཞན་ན་ཁུ་བསྡུ་བྱེད་མི་དགོས་སར་ཁུ་བསྡུ་བསྡུས་སྒྱུར་བྱས་ནས་ཡན་ལག་དང་ཉིང་ལག་ཚང་བའི་གསར་འགྱུར་གང་ཞིག་ཞ་བོ་མིག་མེད་ལྟ་བུ་ཞིག་ལ་བཅོས་ཏེ། གསར་འགྱུར་སྐྱོན་ཅན་ཞིག་གསན་པ་པོར་བརྒྱུད་སྤྲོད་བྱེད་སྲིད་ལ། དེ་བས་འགངས་ཆེ་བ་ཞིག་ནི་གཅོད་བཏུབ་བསྡུས་སྒྱུར་བྱེད་དྲག་པའི་དབང་གིས་གལ་ཏེ་ཆབ་སྲིད་རང་བཞིན་ཆེན་པོ་ལྡན་པའི་གསར་འགྱུར་ཞིག་དེ་ལྟ་བུར་བཅོས་ཚེ་ཆག་སྒོ་མགོ་ཐོག་ལ་འབབ་རྒྱུ་ནི་ཐེ་ཚོམ་མི་དགོས་པ་ཞིག་རེད། དཔེར་ན། གསར་འགྱུར་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ལྔ་ཡོད་དེ། དེ་དག་ནི་གསར་འགྱུར་གང་དེ་བྱུང་བའི་དུས་ཚོད་དང་། ས་ཆ། མི་སྣ། གནས་ཚུལ། གནས་ཚུལ་ཐོན་པའི་རྒྱུ་རྐྱེན་བཅས་ཡིན་ཞིང་། གསར་འགྱུར་ཡིག་སྒྱུར་བས་གསར་འགྱུར་གྱི་ནང་དོན་དེ་དག་ཡིག་སྒྱུར་བྱེད་པའི་སྐབས་གསར་འགྱུར་ལ་ཚང་དགོས་པའི་ཆ་རྐྱེན་ལྔ་པོ་དེ་འགྱུར་ཡིག་ནང་ཁུ་བསྡུ་ཆེ་བའི་དབང་གིས་ཆ་རྐྱེན་ལྔ་པོ་དེ་དག་ལས་གང་རུང་ཞིག་མ་ཚང་ན་དཀོན་གཉེར་ཕྱིད་བདར་མཁས་དྲགས་ནས་གསེར་སྐུ་རག་ལ་བཏང་བའི་དཔེ་རུ་གྱུར་སྲིད།
བཞི་པ། རླུང་འཕྲིན་གསར་འགྱུར་ཡིག་སྒྱུར་བར་ལྡན་དགོས་པའི་རྨང་གཞིའི་ཆ་རྐྱེན།
ཐོག་མར་རྒྱ་བོད་སྐད་ཡིག་གཉིས་ཀྱི་བརྡ་སྤྲོད་ལ་མྱོང་ཆ་ལྡན་དགོས་པ་ནི་ཡིག་སྒྱུར་བ་སྤྱི་ལ་ལྡན་དགོས་པའི་རྨང་གཞིའི་ཆ་རྐྱེན་ཨང་དང་པོ་དེ་ཡིན། དེ་ཡང་དཔེར་ན་བརྡ་སྤྲོད་གོམས་སྲོལ་ཐད“红色”ཞེས་པའི་ཐ་སྙད་དེ་རྒྱ་ཡིག་གི་བརྡ་སྤྲོད་དུ་བཀྲ་ཤིས་པ་དང་དོན་གྲུབ་པའི་སྐབས་ཀྱི་སྤྱོད་ཚུལ་ཞིག་ཡིན་པ་ལ། བོད་ཀྱི་བརྡ་སྤྲོད་ལུགས་ལ་དེ་ནི་འཇིག་རྔམ་དང་ཛ་དྲག བཀྲ་མི་ཤིས་པར་བརྩི་བས། དེ་ཚོ་བོད་སྐད་ཐད་ནས་བརྡ་དོན་སྤྲོད་ལུགས་ལ་ལྷག་བསམ་དཀར་པོ་དང་བཀྲ་ཤིས་གཡང་ཆག་སོགས་ཀྱི་ཐད་ནས་བརྡ་སྤྲད་ན་འཚམ་པར་འོང་། དེ་བཞིན་དུ་རྒྱ་ཡིག་བྱ་ཚིག་སྤྱོད་ཚུལ་ཐད་བྱ་ཚིག་གཅིག་གིས་བརྒྱ་ཁ་གཅིག་ཆོད་ཐུབ་ནའང་བོད་སྐད་ལ་སྐད་ཀྱི་ཁྱབ་ཁོངས་མི་འདྲ་བར་བྱ་ཚིག་སྤྱོད་ཚུལ་ཐ་དད་དུ་ཡོད་པས་བརྒྱ་ཁ་གཅིག་ཆོད་ནི་བརྡ་ལོག་པའི་རྐྱེན་དུ་འགྱུར་བ་ཡིན། དེ་བཞིན་དུ་ཡིག་སྒྱུར་ཁྲོད་སུམ་ཅུ་པའི་ཤེས་བྱ་དམན་ན་ཚིག་ཕྲད་བེད་སྤྱོད་ལེགས་པོ་གཏོང་མ་ཐུབ་པར་གཅོད་མཚམས་ལོག་པ་དང་བརྗོད་པ་མི་བདེ་བ་སོགས་ཀྱི་སྣང་ཚུལ་གང་མང་ཐོན་ཡོང་བ་ཡིན། གོང་གསལ་ནི་ཡིག་སྒྱུར་མཁན་པོ་སྤྱི་ལ་ལྡན་པའི་རྨང་གཞིའི་ཆ་རྐྱེན་མཚོན་ཕྱིར་དཔེ་མཚོན་ཙམ་བཤད་པ་ཡིན་ལ། རླུང་འཕྲིན་ཡིག་སྒྱུར་བར་རྨང་གཞིའི་ཆ་རྐྱེན་དེ་དག་ལྡན་དགོས་པ་ནི་ཨ་ཅང་བརྗོད་མེད་ཐོག དེ་བས་རླུང་འཕྲིན་གསར་འགྱུར་ཡིག་སྒྱུར་བར་རྨང་གཞིའི་ཆ་རྐྱེན་གཞན་ཞིག་ལྡན་དགོས་པ་ནི། ཁ་སྐད་རང་བཞིན་ལ་དོ་སྣང་བྱེད་དགོས་པ་དེ་ཡིན། ཁ་སྐད་རང་བཞིན་དེའང་ཀུན་གྱིས་གོ་ཐུབ་པ་ཞིག་ལས་གྲོང་སྐད་སླད་པ་ཞིག་གིས་ནི་མི་ཡོང་བ་ཡིན། དཔེར་ན། “耳朵”ཞེས་པར་ཨམ་ཅོག་ཅེས་སུ་བསྒྱུར་ན་ནི་ཐ་སྙད་དེ་སྤྱོད་པའི་ཡུལ་ག་གེ་མོའི་གསན་པ་པོས་གོ་བ་ལས་ཀུན་གྱིས་གོ་དཀའ་བར་འགྱུར་འགྲོ དེས་ན་དེ་ལ་རྣ་ཅོག་ཅེས་སུ་བསྒྱུར་ན་ཀུན་གྱིས་གང་བདེར་གོ་ཐུབ། མི་དམངས་མང་ཚོགས་ཀྱི་ས་ནས་སྐད་ཆ་སློབ་སྦྱོང་བྱེད་ཅེས་པ་ལྟར་རླུང་འཕྲིན་གསར་འགྱུར་ཡིག་སྒྱུར་བས་རྣམ་ཀུན་ནས་མང་ཚོགས་ཀྱི་ཁྲོད་དུ་མང་ཙམ་འགྲོ་བ་དང་མང་ཚོགས་ཁྲོད་ནས་མང་ཚོགས་ཀྱི་སྐད་ཆར་སློབ་སྦྱོང་བྱེད་པའི་གོམས་གཤིས་བཟང་པོ་འཇགས་པར་བྱེད་པ་ནི་རླུང་འཕྲིན་གསར་འགྱུར་ཡིག་སྒྱུར་གྱི་གོ་དོན་ཇི་མ་ཇི་བཞིན་གཞན་ལ་བརྡ་སྤྲོད་པའི་གལ་འགངས་ཤིག་ཀྱང་ཡིན་པས། རླུང་འཕྲིན་གསར་འགྱུར་ཡིག་སྒྱུར་བས་རྣམ་ཀུན་ནས་དེའི་ཐད་ལ་སྣང་འཇོག་མང་ཙམ་བྱེད་དགོས་པ་ཞིག་ཀྱང་རེད། དེས་རིགས་བསྒྲེ་བར་བྱས་ཏེ་རླུང་འཕྲིན་གསར་འགྱུར་ཡིག་སྒྱུར་བས་རྒྱུན་དུ་བོད་མི་སྤྱིས་གོ་ཐུབ་པའི་ཁ་སྐད་ལ་སློབ་སྦྱོང་མང་ཙམ་བྱས་ན། རླུང་འཕྲིན་གསར་འགྱུར་བརྒྱུད་བསྒྲགས་ཀྱི་གོ་བདེའི་རང་བཞིན་ལ་འགན་ལེན་ཐུབ་ལ། རླུང་འཕྲིན་གསར་འགྱུར་བརྒྱུད་བསྒྲགས་ཀྱི་བླང་བྱ་དང་ཡང་འཚམ་པ་ཡིན་ནོ།
(བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཕྱི་ཕྱོགས་བོད་སྐད་ལེ་ཚན་གྱི་ཞུས་ཆུང་ལོ་ཙཱ་བ་ཚེ་རིང་སྒྲོལ་མ)