“རྒྱལ་ཡོངས་ཚན་རིག་ཁྱབ་གདལ་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”བོད་རང་སྐྱོང་ལྗོངས་ཚན་རིག་ཁྱབ་གདལ་ལས་དོན་རུ་ཁག་གིས།
ཚན་རྩལ་ཁྱབ་གདལ་ལས་ལ་གཞོལ། གསར་གཏོད་གསོན་ཤུགས་འཕེལ་བར་བྱས།
ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཚན་རིག་ཁྱབ་གདལ་ལས་དོན་རུ་ཁག་གིས་བོད་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་མཛུབ་ཁྲིད་འོག་ལྗོངས་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མ་ཟད། སྤྱི་ཚོགས་ཡོངས་སུ་ཚན་རིག་གི་རྣམ་པ་བཟང་པོ་བཏོད་ནས་ལྗོངས་ཡོངས་ཀྱི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུར་རམ་འདེགས་བྱས་པས་ཕུལ་བྱུང་གི་ལས་ཀའི་གྲུབ་འབྲས་ཐོག་ནས། ཉིན་ཤས་གོང“རྒྱལ་ཡོངས་ཚན་རིག་ཁྱབ་གདལ་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
ཟླ་9ཚེས་4ནས་11ཉིན་བར། རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱིས་གཉེར་བའི་རྒྱལ་ཡོངས་ཚན་རིག་ཁྱབ་གདལ་ཉིན་མོའི་སྐོར་འགྲེམས་བྱེད་སྒོ་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་དང་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དུ་སྔ་རྗེས་སུ་སྤེལ་བ་རེད། སློབ་གྲྭར་སྐོར་འགྲེམས་ལས་དོན་མི་སྣས་དགེ་སློབ་ཚོར་ཚན་རིག་ཁྱབ་གདལ་གྱི་དངོས་པོ་བཅུ་ལྷག་ཙམ་འགྲེམས་སྟོན་བྱས་པའི་ནང་། དངོས་ཁམས་དང་ཨང་རྩིས་སོགས་རིག་ཚན་གྱི་ཤེས་བྱ་དང་ཚན་རིག་གི་རྩ་བའི་རིག་པ་ཚུད་ཡོད། ལས་དོན་མི་སྣའི་ཁྲིད་སྟོན་འོག་སློབ་མ་ཚོད་ལྟའི་བཀོལ་སྤྱོད་ནང་ཞུགས་པས། བྱེད་སྒོ་ཧྲིལ་པོར་ཤེས་བྱའི་རང་བཞིན་དང་། སྤྲོ་སྣང་རང་བཞིན། མཉམ་འགུལ་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པ་དང་སྐོར་འགྲེམས་མི་སྣས་འགྲེལ་བཤད་རྒྱག་པ་དང་སློབ་མ་མཉམ་དུ་ཞུགས་པའི་བྱེད་ཐབས་ལས་ཚན་རིག་དང་མཐུན་པའི་བསམ་བློ་བརྒྱུད་བསྒྲགས་དང་ཚན་རིག་གི་ཉམས་འགྱུར་མངོན་ཡོད། ཉིན་ཤས་བསྟུད་མར། ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་མང་པོ་སྤེལ་བར་བརྟེན། སྒེར་རྩེ་རྫོང་དང་ཉི་མ་རྫོང་གི་ཞིང་འབྲོག་མང་ཚོགས་དང་གཞོན་ནུ་ལོ་ཆུང་སློབ་མ་ཚོའི་ཚན་རིག་ཤེས་བྱ་དང་ཚན་རིག་གི་འདུ་ཤེས་ཟབ་ཏུ་གཏོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་བ་དང་དུས་མཚུངས་འཆར་ཉེར་ཡོད་པའི་རྒྱལ་ཡོངས་ཚན་རིག་ཁྱབ་གདལ་ཉིན་མོའི་བྱེད་སྒོ་བསུ་བར་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་བཏོད་ཡོད།
ཚན་རིག་ཁྱབ་གདལ་སྐོར་འགྲེམས་བྱེད་སྒོ་ནི་རང་སྐྱོང་ལྗོངས་ཀྱི་ཚན་རིག་ཁྱབ་གདལ་ལས་དོན་རུ་ཁག་གི་རྒྱུན་གཏན་ལས་དོན་ཞིག་རེད། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཚན་རིག་ཁྱབ་གདལ་ལས་དོན་རུ་ཁག་གིས་ཚན་རིག་ཁྱབ་གདལ་ལས་དོན་འགན་འཁྲི་དང་ལས་སྒོ་གཙོ་བོར་བརྩིས་ནས་ལྗོངས་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ལས་དོན་གྱི་དགོས་མཁོར་དམིགས་ཏེ། གཞི་རིམ་དུ་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱས་ནས་ཚན་རིག་ཁྱབ་གདལ་ནང་སྤྱི་དམངས་ཞུགས་པའི་གོ་སྐབས་དང་ཐབས་ལམ་རྒྱ་ཆེར་བཏང་ཡོད། ཉེ་བའི་ལོ་གསུམ་རིང་། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་རྒྱལ་ཡོངས་ཚན་རིག་ཁྱབ་གདལ་ཉིན་མོའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་190ལྷག་ཙམ་སྤེལ་བ་དང་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་དཔྱད་ཡིག་ཁྲི་11ལྷག་ཙམ་སྤྲད་པས་མང་ཚོགས་མི་ཐེངས་ཁྲི་13.13ལྷག་ཙམ་ལ་ཕན་པ་ཐོབ་ཡོད། “རྒྱལ་ཡོངས་ཚན་རིག་ཁྱབ་གདལ་ཉིན་མོ”དང་།“གཤམ་སྤེལ་གསུམ”“རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར”“བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར”སོགས་སུ་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། སྤྱི་དམངས་ལ་ཚན་རིག་ཁྱབ་གདལ་གྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་སྤྱི་དམངས་ཚན་རིག་ཁྱབ་གདལ་ནང་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱས་ཡོད།
གཞོན་ནུ་ལོ་ཆུང་གི་ཚན་རིག་ཁྱབ་གདལ་ལས་དོན་གྱི་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡོད། ཚན་རིག་ཁྱབ་གདལ་གཞོན་ནུ་ལོ་ཆུང་གི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། ཁོང་ཚོར་ཕུན་སུམ་ཚོགས་པའི་ཤེས་བྱ་མཁོ་འདོན་ཐུབ་ནས་འཇིག་རྟེན་ཤེས་རྟོགས་བྱེད་པའི་སྐར་ཁུང་ཞིག་གཏོད་ཐུབ་པ་མ་ཟད། དེ་བས་གལ་འགངས་ཆེ་བ་ཞིག་ནི་ཁོང་ཚོའི་སེམས་སུ་ཚན་རིག་གི་ས་བོན་བཏབ་ནས་ཚན་རིག་གི་སྤྲོ་སྣང་འཕེལ་བར་བྱ་རྒྱུ་དེ་རེད། དེར་བརྟེན་རང་སྐྱོང་ལྗོངས་ཚན་རིག་ཁྱབ་གདལ་ལས་དོན་རུ་ཁག་གིས“གཉིས་ཡང”གི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས་གཞོན་ནུ་ལོ་ཆུང་གི་ཚན་རིག་ཁྱབ་གདལ་སློབ་གསོའི་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་ཡོད། རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་སློབ་མ་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེ་མོ་སོགས་ཀྱི་འགྲན་བསྡུར་བྱེད་སྒོའི་ནང་ཞུགས་པར་སྒྲིག་འཛུགས་བྱས་ནས་གཞོན་ནུ་ལོ་ཆུང་ཚོས་ཚན་རིག་ཤེས་བྱ་སྦྱོང་བའི་སྤྲོ་སེམས་འཕེལ་བར་བྱས་ཡོད།
ཚན་རིག་ཁྱབ་གདལ་ཁང་དང་རྟེན་གཞི་བསྐྲུན་རྒྱུ་ནི་ཚན་རིག་ཁྱབ་གདལ་གྱི་ལས་དོན་སྤེལ་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་པ་མ་ཟད། སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་དང་གསར་གཏོད་ནུས་པ་ཆེ་རུ་གཏོང་ཐུབ་པ་དང་། ལོ་ཆུང་བྱིས་པའི་ཡ་མཚན་གྱི་བསམ་པ་དང་འཆར་སྣང་འཕེལ་ཐུབ་ལ། ཚན་རིག་གི་སྤྲོ་སྣང་དང་གསར་གཏོད་ཀྱི་འདུ་ཤེས་ཆེ་རུ་གཏོང་ཐུབ། བོད་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་མཛུབ་ཁྲིད་འོག་རང་སྐྱོང་ལྗོངས་ཚན་རིག་ཁྱབ་གདལ་ལས་དོན་རུ་ཁག་གིས་ཚན་རིག་ཁྱབ་གདལ་གྱི་རྨང་གཞི་བརྟན་དུ་ཧུར་ཐག་བཏང་ནས་གཡུལ་ས་བསྐྲུན་པའི་ལས་དོན་སྤེལ་ཞིང་། ལོ་གསུམ་རིང་། མཐའ་མཚམས་སློབ་ཆུང་གི་ཚན་རྩལ་ཁང་86དང་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་18བསྐྲུན་པ་མ་ཟད། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གིས་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་ཚན་རྩལ་ཁང་དང་པོ་བསྐྲུན་པར་རྒྱབ་སྐྱོར་བྱས་པ་དང་། རྒྱལ་ཡོངས་ཚན་རིག་ཁྱབ་གདལ་དཔེ་སྟོན་རྫོང་2འོས་སྦྱོར་བྱས་པ་དང་འབྲེལ་བདམས་ཐོན་བྱུང་བས་གཞི་རིམ་གྱི་ཚན་རིག་ཁྱབ་གདལ་ཞབས་ཞུའི་ནུས་པ་ཆེ་རུ་ཕྱིན་པ་དང་མང་ཚོགས་དེ་བས་མང་བར་ཚན་རིག་ཁྱབ་གདལ་ལས་དོན་གྱི་ཕན་པ་ཐོབ་ཡོད།