ལྗོངས་ཡོངས་ཀྱི་གནའ་དཔེ་ཉམས་གསོའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།
གཞི་རིམ་གྱི་གནའ་དཔེ་སྲུང་སྐྱོབ་པའི་ཉམས་གསོའི་རྨང་གཞིའི་ཤེས་བྱའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་བོད་ཀྱི་གནའ་དཔེ་སྲུང་སྐྱོབ་ལས་དོན་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་རང་སྐྱོང་ལྗོངས་དཔེ་མཛོད་ཁང(རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས)གིས་གཙོ་གཉེར་བྱས་པའི་གཞི་རིམ་གྱི་རིག་གནས་ཤེས་ལྡན་པའི་སློབ་གསོ་གསོ་སྦྱོང་དང་དུས་ཐེངས་གསུམ་པའི་ལྗོངས་ཡོངས་ཀྱི་གནའ་དཔེ་ཉམས་གསོའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ་རེད།
རང་ལྗོངས་ཀྱི་དགོན་སྡེ་12ཀྱི་སྒོ་བྱང་བཀལ་བའི“གནའ་དཔེ་ཁང་གསུམ”ཉར་ཚགས་ཚན་པ་དང་། བོད་ལྗོངས་རྟེན་མཛོད་ཁང་། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ། བོད་ལྗོངས་སློབ་ཆེན་གནའ་དཔེ་ཞིབ་འཇུག་ཁང་གི་ཉམས་གསོ་ལྟེ་གནས་སོགས་འབྲེལ་ཡོད་ཚན་པ་ནས་ཡོང་བའི་གནའ་དཔེ་ཉམས་གསོའི་ལས་དོན་པ་ཁྱོན་30དུས་ཡུན་ཉིན་6གི་གསོ་སྦྱོང་ནང་ཞུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་གསོ་སྦྱོང་བྱེད་པའི་དམིགས་ཡུལ་ནི་གནའ་དཔེ་སྲུང་སྐྱོབ་པའི་གནའ་དཔེ་ཉམས་གསོའི་ཤེས་བྱའི་ཆུ་ཚད་སྔར་བས་མཐོ་རུ་དང་སྲ་བརྟན་དུ་བཏང་སྟེ། བོད་ཀྱི་གནའ་དཔེ་ཉམས་གསོའི་ལས་དོན་ཚན་རིག་དང་མཐུན་པ་དང་། ཚད་དང་ལྡན་པ། གོ་རིམ་དང་ལྡན་པ་བཅས་ཀྱི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་བོད་ཀྱི་རྩ་ཆེའི་གནའ་དཔེ་མྱུར་སྐྱོབ་དང་། སྲུང་སྐྱོབ། རྒྱུན་འཛིན། དར་སྤེལ་བཅས་ལ་སྐུལ་འདེད་གཏོང་རྒྱུའི་ཆེད་དུ་རེད།