དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • སློབ་ཆུང་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སྐྱེད་སྲིང་བྱེད་ཐབས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-25

    སློབ་སྦྱོང་གི་སྤྲོ་སྣང་གིས་སློབ་མའི་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་ཁ་ཕྱོགས་གཏན་འཁེལ་དང་སྒུལ་ཤུགས་ཀྱི་ནུས་པ་ཐོན་གྱི་ཡོད་པས། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སྐྱེད་སྲིང་བྱས་ནས་ཆུང་དུས་ནས་ཁོང་ཚོར་སློབ་སྦྱོང་གི་གོམས་གཤིས་བཟང་པོ་ཞིག་འཇགས་སུ་བཅུག་རྒྱུ་ནི་དགེ་རྒན་གྱི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཏུ་གྱུར་ཡོད། སུའུ་ལེན་གྱི་སློབ་གསོ་མཁས་ཅན་སུའུ་ཧོ་མུའུ་ལིན་སི་ཅིས་ཀྱང“སྤྲོ་སྣང་ནི་སློབ་སྦྱོང་གི་སྒུལ་ཤུགས་ཡིན”ཞེས་བསྟན་ཡོད། དེར་བརྟེན། སློབ་ཆུང་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སྐྱེད་སྲིང་བྱ་རྒྱུ་ནི་སློབ་ཆུང་དགེ་རྒན་གྱིས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་དོ་སྣང་ཆེན་པོ་བྱེད་དགོས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། རྩོམ་འདིར་ཕྱོགས་འགའི་ཐད་ནས་སློབ་ཆུང་སྐད་ཡིག་སློབ་ཁྲིད་ཁྲོད་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སྐྱེད་སྲིང་བྱེད་ཐབས་སྐོར་རགས་ཙམ་གླེང་བར་བྱའོ།

    དང་པོ། སྤྲོ་སྣང་ལྡན་པའི་ཁོར་ཡུག་གསར་པ་བཏོད་ནས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སྐྱེད་སྲིང་བྱེད་དགོས།

    གཅིག འགོ་ཡག་པོ་ཞིག་རྩོམ་དགོས་པ།

    འགོ་ཡག་པོ་ཞིག་རྩོམ་ཐུབ་ན་གྲུབ་འབྲས་ཕྱེད་ཀ་ཐོབ་པ་དང་གཉིས་སུ་མེད། བསླབ་གཞི་གསར་པའི་སློབ་གསོ་སློབ་ཁྲིད་ཀྱི་སྐབས་སུ་དགེ་རྒན་གྱིས་སློབ་མར་སློབ་སྦྱོང་གི་ཁོར་ཡུག་གསར་པ་ཞིག་བསྐྲུན་གང་ཐུབ་བྱས་ཏེ། སློབ་མར་ཁོར་ཡུག་གི་ཁྲོད་ནས་སྤྲོ་སྣང་ཚོར་ཐུབ་པ་དང་། ཁོར་ཡུག་གི་ཁྲོད་ནས་སློབ་སྦྱོང་གི་དགའ་ཞེན་འཕེལ་ཐུབ་པར་བྱེད་དགོས། དཔེར་ན། སློབ་ཆུང་བོད་ཡིག་བསླབ་གཞིའི《པད་མའི་མེ་ཏོག》ཅེས་པའི་སློབ་ཚན་སློབ་ཁྲིད་བྱེད་སྐབས་མེ་ཏོག་པད་མའི་པར་རིས་དང་བརྙན་ཐུང་སྟོན་པ་སོགས་ཀྱི་ཐབས་ལམ་བརྒྱུད། སློབ་མར་མེ་ཏོག་པད་མའི་ཁྱད་ཆོས་རྟོགས་སུ་བཅུག་སྟེ་ཁོང་ཚོའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་དུ་འཇུག་དགོས།

    གཉིས། སྨྱན་ཆས་ཡག་པོ་སྤྱོད་པ།

    དེང་རབས་ཅན་གྱི་སྨྱན་ཆས་སློབ་ཁྲིད་ལ་མངོན་གསལ་དོད་པའི་ཚོན་མདངས་དང་གསོན་ཉམས་དོད་པའི་སྣང་བརྙན་དང་རྒྱུན་མཐུད་ཀྱི་འགུལ་སྟངས་ལྡན་པས་སློབ་མས་དོ་སྣང་ཡག་པོ་བྱེད་ཀྱི་ཡོད། དེས་ན་དཔེར་ན། 《ཟམ་པའི་བསམ་བློ》ཞེས་པའི་སློབ་ཚན་སློབ་ཁྲིད་བྱེད་སྐབས། ཟམ་པ་དང་འབྲེལ་བ་ཡོད་པའི་པར་རིས་དང་རོལ་དབྱངས་གློད་དེ་སློབ་མར་རང་ཡུལ་དུ་སླེབས་པ་ལྟ་བུའི་ཚོར་བ་སྦྱིན་པ་དང་ཟམ་པའི་ཡིད་དབང་འཕྲོག་ཤུགས་ཚོར་དུ་བཅུག་སྟེ། ཁོང་ཚོའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་དུ་འཇུག་དགོས།

    གསུམ། སློབ་མ་སོ་སོའི་ཁྱད་ཆོས་ལ་དོ་ཁུར་བྱེད་དགོས།

    དགེ་རྒན་གྱིས་སློབ་མའི་རང་གཤིས་ལ་བརྩི་འཇོག་དང་མི་སྒེར་གྱི་ཁྱད་པར་ལ་དོ་ཁུར་གྱིས་སློབ་མ་མི་འདྲ་བའི་སློབ་སྦྱོང་གི་དགོས་མཁོ་སྐོང་དགོས། སློབ་མ་དང་འབྲེལ་འདྲིས་དང་སྤེལ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད། ཁོང་ཚོའི་སློབ་སྦྱོང་གི་གནས་ཚུལ་དང་དགའ་ཕྱོགས་རྒྱུས་ལོན་བྱས་ཏེ། དེ་ལ་དེ་བསྟུན་གྱི་སློབ་ཁྲིད་ཀྱི་ཐབས་ལམ་འོས་འཚམ་བདམས་ནས་སློབ་མ་ཚང་མར་སློབ་སྦྱོང་གི་སྤྲོ་སྣང་དང་གྲུབ་འབྲས་ཀྱི་སྤྲོ་སྣང་ཚོར་དུ་འཇུག་དགོས།

    གཉིས་པ། སྣ་མང་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་ནས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐབས་བྱེད་དགོས།

    གཅིག རྩོམ་ཡིག་ཀློག་འདོན་བྱེད་ཐབས།

    སློབ་མ་རྣམས་སྒྲིག་འཛུགས་བྱས་ནས་རྩོམ་ཡིག་གམ་སློབ་ཚན་གྱི་ནང་དོན་ཀློག་འདོན་བྱེད་དུ་འཇུག་དགོས། དེའང་མི་སྣ་ཁག་བགོས་ནས་ཀློག་འདོན་དང་། མཉམ་དུ་ཀློག་འདོན་བྱེད་པ། ཚོགས་ཆུང་བགོས་ནས་ཀློག་འདོན་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་ནས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་དུ་འཇུག་དགོས། ཀློག་འདོན་བྱས་ན་སློབ་མའི་ཀློག་འདོན་གྱི་ནུས་པ་གོང་མཐོར་འགྲོ་བ་དང་། སློབ་མའི་སྨྲ་བརྗོད་ཀྱི་ནུས་པ་ཆེ་རུ་འགྲོ་བར་ཕན་པ་མ་ཟད། ད་དུང་ཁོང་ཚོས་སློབ་ཚན་གྱི་ནང་དོན་ལ་གོ་བ་དེ་བས་གཏིང་ཟབ་ལོན་པར་ཕན་པ་ཡོད།

    གཉིས། འཁྲབ་སྟོན་བྱེད་ཐབས།

    སློབ་ཆུང་སློབ་མའི་སྐད་ཆ་ཤོད་པར་དགའ་བ་དང་། འགུལ་སྐྱོད་བྱེད་པར་དགའ་བ། ལད་མོ་བྱེད་སླ་བ་བཅས་ཀྱི་ཁྱད་ཆོས་བེད་སྤྱད་དེ། གསོན་ཉམས་དོད་པའི་འཁྲབ་སྟོན་གྱི་རྣམ་པའི་ཐོག་ནས་སློབ་མར་སྐད་ཡིག་སློབ་སྦྱོང་གི་སྤྲོ་སྣང་ཚོར་དུ་འཇུག་དགོས། དཔེར་ན། 《ཁྭ་ཏ་ཡིས་ཆུ་འཐུང་བ》ཞེས་པའི་སློབ་ཚན་སློབ་ཁྲིད་བྱེད་སྐབས། སློབ་མ་རྣམས་གར་སྟེགས་སུ་བསྐོངས་ནས་ཁྭ་ཏ་ཡིས་ཆུ་འཐུང་བའི་བརྒྱུད་རིམ་དང་། ཆུ་འཐུང་སྟངས་སོགས་འཁྲབ་ཏུ་བཅུག་ན། དེས་ཁོང་ཚོའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་ཕན་པ་ཡོད།

    གསུམ། རོལ་རྩེད་ཀྱི་ཐབས།

    སློབ་ཁྲིད་བྱེད་རིང་རོལ་རྩེད་ཀྱི་ཐབས་ལམ་འོས་འཚམ་བཀོད་སྒྲིག་བྱས་ནས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐབས་བྱེད་དགོས། དཔེར་ན། སློབ་ཆུང་ལོ་རིམ་དང་པོའི་སློབ་མར་གསལ་བྱེད་སོགས་སློབ་སྐབས། སློབ་མར་ཡི་གེའི་གཟུགས་དང་འདྲ་བའི་ལུས་ཀྱི་བཟོ་ལྟ་འདོན་པའི་རོལ་རྩེད་རྩེད་དུ་བཅུག་སྟེ། སུ་ཞིག་གིས་བཟོ་ལྟ་ལེགས་པ་འདོན་ཤེས་པ་དང་སུས་ཡིད་ལ་མགྱོགས་ཤིང་མྱུར་བའི་སྒོ་ནས་ངེས་ཐུབ་མིན་བལྟ་དགོས།

    གསུམ་པ། དགེ་རྒན་གྱིས་རང་དཔེ་གཞན་སྟོན་གྱིས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་དུ་འཇུག་དགོས།

    དགེ་རྒན་ནི་སློབ་མའི་ཕ་མ་གཉིས་པ་ཡིན་པར་གྲགས་པས། དགེ་རྒན་གྱི་བྱ་བྱེད་དང་གཤིས་སྤྱོད། ཆ་བྱད་དང་རྣམ་འགྱུར་བཅས་ཀྱིས་སློབ་མར་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད། དེའི་ཕྱིར། དགེ་རྒན་གྱིས་རང་ཉིད་ཀྱི་ཕྱི་ཚུལ་དང་སྤྱོད་ཚུལ་ལ་དོ་སྣང་བྱས་ཏེ། ནམ་རྒྱུན་འཛུམ་དམུལ་དམུལ་དང་དགའ་དགའ་སྤྲོ་སྤྲོའི་ངང་ནས་སློབ་གསོ་སློབ་ཁྲིད་ཀྱི་བྱ་བར་ཞུགས་དགོས་ལ། རང་ཉིད་ཀྱི་སེམས་ཁམས་ལེགས་སྒྲིག་བྱས་ཏེ་སེམས་རྩ་འཁོལ་པོ་དང་སེམས་ཤུགས་ཆེན་པོས་རང་གི་ལས་ཀར་སྤྲོ་བས་འཇུག་ནས་སློབ་མར་གུ་ཡངས་ཤིང་སྐྱིད་སྣང་དོད་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་གཏོད་དགོས།

    གཞན་ཡང་། དགེ་རྒན་གྱིས་སློབ་གསོ་སློབ་ཁྲིད་སྐབས་ཆོབ་ཚ་བ་དང་རྩེད་མཚར་རང་བཞིན་ཆེ་བའི་དགོད་བྲོའི་སྐད་ཆ་མང་ཙམ་གླེང་ནས། སློབ་མའི་ཉོབ་སྣང་སེལ་བ་དང་། སློབ་ཁྲིད་ཀྱི་རྣམ་པ་འཁྲུག་ཆ་དོད་དུ་གཏོང་དགོས་ལ། སློབ་མར་བསྟོད་བསྔགས་དང་ལྕག་སྐུལ་འོས་འཚམ་བྱེད་རྒྱུ་དེའང་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལྷག་པར་དུ། སྦྱངས་འབྲས་ཞན་པའི་སློབ་མར་དགེ་རྒན་གྱིས་དོ་སྣང་དང་རྒྱབ་སྐྱོར་དེ་བས་མང་བ་བྱས་ཏེ། ཁོང་ཚོའི་ཡིད་ཆེས་ཀྱི་བསམ་པ་འཛུགས་པ་དང་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་རོགས་རམ་བྱེད་དགོས།

    སློབ་ཆུང་སློབ་མར་སློབ་སྦྱོང་གི་སྤྲོ་སྣང་འཕེལ་རོགས་བྱེད་རྒྱུ་ནི་སློབ་ཆུང་སྐད་ཡིག་དགེ་རྒན་གྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ང་ཚོས་སློབ་མ་ཚོར་སྤྲོ་སྣང་ལྡན་པའི་ཁོར་ཡུག་གཏོད་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ། གཟེངས་བསྟོད་དང་སྐུལ་མ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་དུ་འཇུག་པ་དང་སྐད་ཡིག་སློབ་ཚན་གྱི་སློབ་ཁྲིད་ཕན་འབྲས་ཆེ་རུ་གཏོང་དགོས། འབྱུང་འགྱུར་སློབ་གསོ་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དགེ་རྒན་གྱིས་མུ་མཐུད་དེ་སྤྱོད་སྒོ་ཆེ་བའི་སློབ་ཁྲིད་ཀྱི་ཐབས་ལམ་དེ་བས་མང་བ་འཚོལ་ཞིབ་དང་ལག་ལེན་བསྟར་ནས། སློབ་ཆུང་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སྐྱེད་སྲིང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    (རིན་སྤུངས་རྫོང་བར་ཐང་ཤང་ལྟེ་བའི་སློབ་ཆུང་གི་དགེ་རྒན་ལྷ་མོ)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།