མཁའ་ལམ་སྟེང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཞིག
འདི་ནི་བསོད་ནམས་སྒྲོལ་དཀར(གཡོན)གྱིས་ཕྲུ་གུ་ཚོར་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་གྱི་གཏམ་རྒྱུད་རྗོད་བཞིན་པ།
འདི་ནི་ཕྲུ་གུ་ཚོས་བློ་རྩེ་གཅིག་སྒྲིམ་ངང་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཉན་བཞིན་པ།
ལྷ་ས་ནས་ཧྲང་ཧའེ་ལ་འཐོན་མཁན་མེ་འཁོར་Z166གི་ནང་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་དམིགས་བསལ་ཞིག་འཚོགས་པ་རེད།
སློབ་ཚན་ཉན་མཁན་ཕྲུ་གུ་རྣམས་ནི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ནས་ཡིན་པ་དང་ཁོང་ཚོའི་ཕ་ཡུལ་ཇོ་མོ་གླང་མའི་འདབས་སུ་ཡོད། ཁོང་ཚོ་ད་རེས་མེ་འཁོར་གཏོང་ཐེངས་Z166ནང་བསྡད་ནས་ཧྲང་ཧའེ་རུ་སྤེལ་རེས་བྱེད་སྒོར་ཞུགས་མཁན་རེད། སློབ་ཚན་འཁྲིད་མཁན་དགེ་རྒན་གྱི་མིང་ལ་བསོད་ནམས་སྒྲོལ་དཀར་ཟེར་བ་དང་། ཁོང་ནི་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལས་བཟོ་ཞིག་རེད།
སློབ་ཚན་ཐོག་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་ལ་དམིགས་ནས་ཁྲིད་པ་རེད།
ལོ་རྒྱུས་ཕྱིར་དྲན།
མཚོ་བོད་ལྕགས་ལམ་གྱི་ལོ་རྒྱུས་གནས་ཚུལ་རེ་རེ་བཞིན་བསོད་ནམས་སྒྲོལ་དཀར་གྱིས་ལྷུག་པོར་གླེང་ཞིང་། ལོ་ངོ་བཅུ་ཕྲག་ལྷག་ཙམ་གྱི་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་ཤོག་དྲིལ་ཞིག་ཕྲུ་གུ་ཚོའི་མིག་ལམ་དུ་གསལ་པོར་བཤམས་པ་རེད།
ལྕགས་ལམ་ཞིག་སྐྲུན་པར་ལོ་50ཙམ་འགོར་དོན་གང་ཡིན་ཞེ་ན། དེ་ནི་རང་བྱུང་གི་ཁོར་ཡུག་ཧ་ཅང་ཞན་པའི་དབང་གིས་ཡིན་པ་སྨོས་མེད་རེད། “ས་མཐོའི་འཁྱགས་ས་དང་། ས་བབ་མཐོ་ཞིང་གནམ་གཤིས་གྲང་ལ་གསོ་རླུང་དཀོན་པ། སྐྱེ་ཁམས་ལ་གཏོར་སྐྱོན་ཕོག་སླ་བ་བཅས་ནི་མཚོ་བོད་ལྕགས་ལམ་གྱི་འཛུགས་སྐྲུན་ལ་འཕྲད་པའི་དཀའ་གནད་ཆེན་པོ་གསུམ་རེད”ཅེས་བསོད་ནམས་སྒྲོལ་དཀར་གྱིས་མིག་སྔའི་དཔེ་མཚོན་དང་ཟུང་འབྲེལ་བྱས་ནས་ཕྲུ་གུ་ཚོར་མཚོ་བོད་ལྕགས་ལམ་སྐྲུན་པའི་དཀའ་ངལ་གྱི་སྐོར་ངོ་སྤྲོད་བྱས་ཤིང་། ཁོང་གིས“ལྟོས་དང་། ང་ཚོའི་མེ་འཁོར་ད་ལྟ་ས་བབ་མཐོ་བའི་ལྕགས་ལམ་བརྒྱུད་བཞིན་ཡོད། ས་ཆ་འདིའི་སྤང་རྩྭ་ཧ་ཅང་གཏོར་སྐྱོན་ཕོག་སླ་བ་ཞིག་ཡོད། ང་ཚོས་འཛུགས་སྐྲུན་བྱེད་སྐབས་ལྕགས་ལམ་སྐྲུན་དགོས་ལ་ཁོར་ཡུག་ལའང་གཏོར་བཤིག་གཏོང་ཆོག་གི་མེད”ཅེས་བརྗོད།
“ལོ་ངོ་དེ་དག་གི་རིང་། ང་ཚོ་འཛུགས་སྐྲུན་པས་ཚོད་བགམ་སྣ་ཚོགས་ཀྱི་ཁྲོད་ད་ལྟ་ང་ཚོ་སྐྱོད་སའི་ས་མཐོའི‘མཁའ་ལམ’འདི་བསྐྲུན་པ་རེད”ཅེས་བསོད་ནམས་སྒྲོལ་དཀར་གྱིས་མྱོང་ཚོར་ཟབ་མོའི་ངང་བཤད་པ་དང་ཕྲུ་གུ་ཚོས་ཀྱང་དེ་མཚུངས་སུ་ཧ་གོ་བའི་མགོ་ལྕོག་ལྡེམ་པ་རེད།
མིག་དཔེ་གླེང་བ།
སློབ་ཁྲིད་ནང་མིག་དཔེ་མི་སྣ་རེ་རེའི་གཏམ་རྒྱུད་ཀྱིས་ཕྲུ་གུ་ཚོའི་ཡིད་དབང་རབ་ཏུ་ཕྲོགས་པ་རེད།
ཀྲོང་ཞིན་ཏན་ནི་མཚོ་བོད་ལྕགས་ལམ་གྱི་སྤྱི་ཁྱབ་ཇུས་འགོད་པ་དང་པོ་རེད། ཁོང་གིས་མི་11ལས་མེད་པའི་རྩད་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ས་བབ་སྨི་5000ཟིན་པའི་མཚོ་བོད་ས་མཐོར་བསྐྱོད་ནས་ལ་དུག་ཁྱད་བསད་བྱས་ཤིང་། ལྟོགས་པའི་དུས་སུ་མོག་མོག་སྐམ་པོ་ཟ་བ་དང་སྐོམ་པའི་དུས་སུ་འཁྱག་ཆུ་འཐུང་དགོས་བྱུང་རུང་། འབད་བརྩོན་ཆེན་པོའི་ངང་རྣ་བས་ཉན་པ་དང་མིག་གིས་བལྟས་ནས་ཚད་འཇལ་བྱས་པ་མ་ཟད། རྩད་ཞིབ་ཐིག་ལེན་གྱི་སྙན་ཞུ་ཡིག་འབྲུ་ཁྲི་བཅུ་ལྷག་ཙམ་ཟིན་པ་བྲིས་ཏེ་བོད་སྐྱོད་ལམ་ཐིག་གཏན་འཁེལ་བྱས་པ་རེད།
མིག་དཔེ་ནི་དེ་ཙམ་གྱིས་ག་ལ་ཚད།
ཝང་ཀྲན་ཅི་དང་། ལིའུ་ཐེ་ལེང་། ཀྲང་ལུའུ་ཞིན་སོགས་ནི་རླུང་ཆེན་སྐྱིད་པོ་རིའི་ས་མཐོའི་འཁྱགས་སའི་ངེས་གནས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ལས་དོན་པ་རེད། ཁོང་ཚོས་ལོ་བཞི་བཅུ་ལྷག་ཙམ་གྱི་རིང་ས་བབ་སྨི་4700ལྷག་ཙམ་ཟིན་པའི་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་ལས་ཀ་བྱས་ཤིང་། ལས་གྲྭའི་སྒྲིག་བཀོད་ཐད་ས་མཐོའི་འཁྱགས་ས་ཡིས་ཐེབས་པའི་ཤུགས་རྐྱེན་ལ་ཞིབ་འཇུག་བྱས་ཏེ་ས་མཐོའི་ལྕགས་ལམ་འཛུགས་སྐྲུན་དང་མེ་འཁོར་ཤར་སྐྱོད་བདེ་འཇགས་ལ་འགན་ལེན་བྱས་པ་རེད།
“ཕྲུ་གུ་ཚོ། ང་ཚོའི་མེ་འཁོར་གདང་ལ་དང་རླུང་ཆེན་སྐྱིད་པོ་རི་ལ་སླེབས་སྐབས། ངས་མེ་འཁོར་གྱི་ཞབས་ཞུ་བར་དྲན་སྐུལ་བྱེད་དུ་འཇུག་གི་ཡིན། ཁྱེད་ཅག་ཚང་མས་སྒེའུ་ཁུང་ཕྱི་རོལ་གྱི་མཛེས་ལྗོངས་མཐོང་སྐབས་རྒན་རབས་ཚོའི་མཛད་རྗེས་བརྗེད་མི་རུང”ཞེས་བསོད་ནམས་སྒྲོལ་དཀར་གྱིས་སློབ་ཁྲིད་བྱེད་སྐབས་ཕྲུ་གུ་ཚོར་བཤད།
འགྱུར་ལྡོག་གླེང་བ།
ལྕགས་ལམ་མེད་པ་ནས་ཡོད་པར་གྱུར་པ་དང་། ཡོད་པ་ནས་ལེགས་པའི་བར་དུ་འཕོ་འགྱུར་བྱུང་ཡོད། 2021ལོར་ལྷ་ཉིང་ལྕགས་ལམ་ཤར་གཏོང་བྱས་ཤིང་། བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་དེ་གངས་ལྗོངས་ས་མཐོར་གཏོང་འགོ་ཚུགས་པས་བོད་ཀྱི་མང་ཚོགས་དེ་བས་སྐྱིད་སྣང་དོད་ལ་སྟབས་བདེ་བའི་མེ་འཁོར་དུ་སྡོད་རྒྱུ་བྱུང་ཡོད།
སྐར་མ་བཞི་བཅུ་ལྷག་ཙམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་མགྱོགས་མྱུར་མཇུག་འགྲིལ་ཞིང་། ཕྲུ་གུ་ཚོས་སྤྲོ་སྣང་རབ་ཏུ་འཕེལ་བའི་ངང་ལྕགས་ལམ་སྐོར་གྱི་གཏམ་རྒྱུད་གླེང་བཞིན་མཆིས། ཁོང་ཚོའི་ངོས་ནས་བརྗོད་ན། གཏམ་རྒྱུད་དེ་དག་ནི་སློབ་དེབ་སྟེང་གི་ཡི་གེ་ཙམ་མ་ཡིན་པར། རང་ཉིད་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད།
“དེ་རྗེས་ཀྱི་ཆུ་ཚོད་བཅུ་ལྷག་ཙམ་རིང་། ང་ཚོ་ཚང་མ་མེ་འཁོར་ལ་བསྡད་ནས་རྒན་ལགས་ཀྱིས་ད་ལྟ་གསུངས་མ་ཐག་པའི་ས་ཆ་མང་པོ་ཞིག་བརྒྱུད་ངེས་རེད། ང་ཚོའི་ངོས་ནས་བརྗོད་ན་སྔོན་ཆད་འདི་ནི་ཡུལ་ལྗོངས་ཙམ་ཞིག་ལས་མཐོང་མི་ཐུབ་ནའང་། ད་ཆ་བསམ་དུས་འདི་གར་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཞིག་ཡོད་པས་ངས་དོ་སྣང་ཞིབ་ཚགས་བྱེད་ཀྱི་ཡིན”ཞེས་དིང་རི་སློབ་འབྲིང་དང་པོའི་སློབ་མ་པད་མ་ཆོས་སྐྱིད་ཀྱིས་བཤད།
“མེ་འཁོར་ལ་ཆུ་ཚོད་བཅུ་ལྷག་ཙམ་སྡོད་དགོས་པ་བསམས་ན། ང་ཚོས་ཕྲུ་གུ་ཚོར་མེ་འཁོར་དུ་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཞིག་འཚོགས་ན་ཡག་པོ་ཡོད་ཀྱི་རེད་སྙམ་བྱུང”ཞེས་རུ་སྣེ་ཁྲིད་མཁན་དགེ་རྒན་དང་། ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ། དིང་རི་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་བཅས་ཡིན་པའི་དབང་ཧའེ་ཅིང་གིས་གསར་འགོད་པར་བཤད་ཅིང་། ཁོང་གིས“དེ་གོང་ང་ཚོས་མེ་འཁོར་ལ་བསྡད་ནས་ཧྲང་ཧའེ་རུ་བྱེད་སྒོ་སྤེལ་བར་འགྲོ་རྒྱུའི་འཆར་གཞི་གཏན་འཁེལ་བྱས་པ་ཡིན”ཞེས་བཤད།
ཁོང་གིས“བོད་སྐྱོར་བྱས་པ་ནས་བཟུང་། ང་ཚོས་ས་ཆ་དངོས་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་སྣ་ཚོགས་རྒྱུན་མཐུད་འཚོགས་པ་དང་གཞི་རིམ་གྱི་ལས་དོན་པ་གདན་དྲངས་ནས་རང་ངོས་ཀྱི་གཏམ་རྒྱུད་བརྗོད་དེ། སློབ་མ་ཚོར་མེས་རྒྱལ་གྱི་འཕེལ་རྒྱས་ལ་དངོས་སུ་མྱོང་ཚོར་བྱེད་དུ་བཅུག་པ་ཡིན”ཞེས་བཤད།
དེ་རྗེས། སློབ་མ་20ལྷག་ཙམ་གྱིས་མེ་འཁོར་ལ་བསྡད་དེ་ཧྲང་ཧའེ་རུ་བསྐྱོད་ཅིང་། དེ་གར་ཁོང་ཚོས་དུས་ཡུན་ཉིན་བདུན་གྱི་འཚམས་འདྲི་སློབ་སྦྱོང་བྱས་ནས་གྲམ་ཐང་སོགས་ཀྱི་གྲགས་ཅན་གནས་རྟགས་ལ་ལྟ་སྐོར་དང་སློབ་གསོའི་རྟེན་གཞི་སྣ་ཚོགས་ལ་སློབ་སྦྱོང་བྱེད་པར་བསྐྱོད་རྒྱུ་མ་ཟད། ད་དུང་སུང་ཅང་ས་ཆའི་ཕྲུ་གུ་ཚོ་དང་སྤེལ་རེས་སློབ་སྦྱོང་ཡང་བྱ་རྒྱུ་རེད།