དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • སྙིང་ཁམས་ཁོག་ནད་ཚན་ཁག་གིས་པེ་ཅིང་དང་བོད་ལྗོངས་དབར་མཛའ་གཅུགས་གསེར་ཟམ་བཙུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཡན་ཙེ་དང་ཧྲུའུ་ཅིང་།   |     སྤེལ་དུས།  2024-09-21

    ཟླ་8ཚེས་19ཉིན། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྙིང་ཁམས་ཁོགནད་ཚན་ཁག་ཏུ་དྲག་སྐྱེད་བྱུང་བའི་ནད་པ་རྒྱལ་ཆུང(གཡས་ཀྱི་གཉིས་པ)གིས་སྨན་པ་བསོད་ནམས(གཡས་ཀྱི་གསུམ་པ)དང་ཀུའོ་ལི་ཀྲུའུ(གཡོན་གྱི་གསུམ་པ)ལ་གོས་དར་དང་ཁ་བཏགས་འབུལ་བཞིན་པ།

    ཟླ་8ཚེས་7ཉིན། པེ་ཅིང་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བཅུ་པས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་དྲན་རྟེན་མཉམ་པར་རྒྱག་བཞིན་པ།

    རྒྱལ་ཆུང་སྨན་ཁང་ནས་དོན་གྲབས་ཡོད་པའི་སྐབས་སུ་གཙོ་བཅོས་སྨན་པ་བསོད་ནམས་དང་ཀུའོ་ལི་ཀྲུའུ་ལ་ཆེད་དུ་ཁ་བཏགས་དང་གོས་དར་ཕུལ་ནས“ཐུགས་རྗེ་ཆེ། ཐུགས་རྗེ་ཆེ”ཞེས་ཡང་ཡང་བརྗོད།

    “བོད་དུ་ཁ་བཏགས་བསྒྲོན་པ་ནི་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱེད་པ་ཞིག་རེད། ང་ཚོའི་སྙིང་ཁམས་ཁོག་ནད་ཚན་ཁག་ལ་དོས་དྲག་རང་བཞིན་གྱི་སྙིང་རྩ་རེངས་པའི་ནད་པ་མང་པོ་ཡོད་པས་རྟག་ཏུ་དུས་ཚོད་དམ་འཛིན་གྱིས་མྱུར་སྐྱོབ་བྱེད་དགོས་ཀྱི་ཡོད། གཤགས་བཅོས་ཐེངས་10བྱས་ན་ང་ཚོར་ཁ་བཏགས་གཡོགས་མཁན་གསུམ་ཡོད་ངེས་རེད”ཅེས་བསོད་ནམས་ཀྱིས་བཤད་པ་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྙིང་ཁམས་ཁོག་ནད་ཚན་ཁག་གཞུང་ལས་ཁང་གི་རྐུབ་སྟེགས་ཤིག་གི་ཐོག་ཏུ་ལོ་འཁོར་མོ་མེ་ཏོག་སོས་པ་དང་ཁ་བཏགས་འཇོག་གི་ཡོད་ཅིང་། དེ་ནི་ཚན་ཁག་གི་སྨན་པའི“མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཁུལ”དང“བསམ་པའི་རྒྱགས་ཕྱེ་སྣོན་ས”ཞིག་ལ་གྱུར་ཡོད།

    རྒྱལ་ཆུང་མྱུར་སྐྱོབ་བྱེད་པའི་དགོང་མོ་དེ་བསོད་ནམས་ཀྱིས་ཧ་ཅང་གསལ་པོ་དྲན་གྱི་ཡོད།

    ཟླ་8ཚེས་3ཉིན་གྱི་དགོང་མོ། དོས་དྲག་གི་སྙིང་རྩ་རེངས་པའི་རྒྱལ་ཆུང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྙིང་ཁམས་ཁོག་ནད་ཚན་ཁག་ཏུ་བསྒྱུར། གནས་ཚུལ་ཛ་དྲག་པོ་ཡོད་སྟབས་བསོད་ནམས་ཀྱིས་ལམ་སེང་སྨན་ཁང་དུ་གཤགས་བཅོས་ཀྱི་གྲ་སྒྲིག་བྱེད་པར་བསྐྱོད། ཁོང་ཧང་སངས་དགོས་པ་ཞིག་ལ། ལྷ་སར་འབྱོར་ནས་གཟའ་འཁོར་གཅིག་ཀྱང་མ་སོང་བའི་སྨན་པ་ཀུའོ་ལི་ཀྲུའུ་ཡང་སྨན་གོས་ལེགས་པར་གྱོན་ཏེ་གཤགས་བཅོས་ཁང་གི་སྒོ་འགྲམ་དུ་སྒུག་བསྡད་ཡོད་པ་རེད།

    “ཉིན་དེ་ནི་རྒན་ཀུའོ་ལགས་སྨན་ཁང་དུ་ཕྱག་ལས་ལ་ཕེབས་པའི་ཉིན་དང་པོ་རེད། དེའི་དགོང་མོར་ཁོང་གིས་ལ་དུག་ཕོག་པར་མ་འཛེམས་པར་གཤགས་བཅོས་བྱེད་རོགས་ལ་ཕེབས་ཡོང་སྙམ་པ་བསམ་ཡུལ་ལས་འདས་སོང”ཞེས་བསོད་ནམས་ཀྱིས་བཤད། ཁོང་གཉིས་པོས་གཤགས་བཅོས་ཀྱི་ཇུས་གཞིར་གྲོས་བསྡུར་བྱས་ཤིང་། བསོད་ནམས་ཀྱིས“རྒན་ཀུའོ་ལགས་དང་འདྲ་བའི་རིགས་གཅིག་མཁས་ཅན་རྩེ་གྲ་ཞིག་འཁྲིས་སུ་ཡོད་པས་གཤགས་བཅོས་བྱེད་སྐབས་བློ་ཧ་ཅང་བདེ་པོ་འདུག”ཅེས་བཤད།

    ཀུའོ་ལི་ཀྲུའུ་ནི་རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཨན་ཀྲེན་སྨན་ཁང་སྙིང་དང་ཁྲག་རྩའི་ཁོག་ནད་ཚན་ཁག་གི་སྨན་པ་དཀའ་བཅུ་པ་གཞོན་པ་ཞིག་ཡིན་ལ། པེ་ཅིང་གྲོང་ཁྱེར་གྱི་ཁག་བཅུ་པའི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རུ་མིའི་གྲས་ཤིག་ཀྱང་རེད། 2015ལོ་ནས་བཟུང་པེ་ཅིང་གྲོང་ཁྱེར་གྱི་ཁོངས་གཏོགས་སྨན་ཁང་22ཀྱིས་པེ་ཅིང་གི་སྨན་ཁང་གཅིག་གིས་ཚན་ཁག་གཅིག་འགན་གཙང་ལེན་པའི་བྱ་ཐབས་ཐོག་ནས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལ་བརྒྱུད་རིམ་ལྡན་པའི་རོགས་སྐྱོར་བྱས་པ་རེད།

    སྙིང་དང་ཁྲག་རྩའི་ནད་ནི་ས་མཐོར་རྒྱུན་དུ་ཐོན་པ་དང་ཉེན་ཁ་ཆེ་ཤོས་ཀྱི་ནད་གཞི་ཞིག་རེད།

    བསོད་ནམས་ཀྱིས་དེ་སྔོན་ཚན་ཁག་ལ་གཤགས་བཅོས་བྱེད་པའི་ལག་རྩལ་མེད་པ་དང་དོས་དྲག་རང་བཞིན་གྱི་སྙིང་རྩ་རེངས་པའི་ནད་པ་ཡོང་སྐབས་སྨན་ཁང་གཞན་དུ་སྨན་བཅོས་བྱེད་པར་སྒྱུར་དགོས་པའི་གྲོས་འགོ་འདོན་རྒྱུ་ལས་ཐབས་གཞན་མེད། “ནད་པའི་སྡུག་བསྔལ་མཐོང་སྐབས་སྨན་པ་ཞིག་ཡིན་པའི་རང་ཉིད་བློ་ཕམ་ཆེན་པོ་ཡོང་གི་འདུག”ཅེས་བརྗོད།

    པེ་ཅིང་ཨན་ཀྲེན་སྨན་ཁང་གི་བོད་སྐྱོར་རིགས་གཅིག་མཁས་ཅན་10ཡིས་གཅིག་རྗེས་གཉིས་མཐུད་ངང་འབད་བརྩོན་བྱས་པ་བརྒྱུད། སྨན་ཁང་གི་སྙིང་ཁམས་ཁོག་ནད་ཚན་ཁག་མགྱོགས་མྱུར་འཐུས་སྒོ་ཚང་དུ་སོང་ཞིང་། ཚན་ཁག་རྐྱང་པ་ཞིག་ནས་ནད་ཁྲི་མང་དུ་གཏོང་བ་དང་སྙིང་རྩའི་ནད་ཀྱི་ལྟ་སྐྱོང་ནད་ཁང་བཙུགས་པའི་བར་དང་། དེ་ནས་2019ལོར་སྦུག་འདྲེན་གཤགས་བཅོས་ཁང་འཛུགས་པའི་བར་དོས་དྲག་རང་བཞིན་གྱི་སྙིང་རྩ་འགག་པའི་མྱུར་སྐྱོབ་གཤགས་བཅོས་དེ་མཐར་དངོས་སུ་མངོན་འགྱུར་བྱུང་།

    སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བ་དང་ཆབས་ཅིག་རོགས་སྐྱོར་བྱེད་པའི་གཙོ་གནད་གཞན་ཞིག་ནི་ས་གནས་རང་གི་སྨན་པ་གསོ་སྐྱོང་བྱ་རྒྱུ་དེ་རེད།

    དེའི་ཐད་བསོད་ནམས་ལ་མྱོང་ཚོར་ཟབ་ཤོས་ཡོད་དེ། “ང་ནི་དོས་དྲག་ནད་དཔྱད་ཚན་ཁག་ནས་ཡིན། དེ་སྔོན་དོས་དྲག་སྙིང་རྩ་རེངས་པའི་མྱུར་སྐྱོབ་གཤགས་བཅོས་ལྟ་ཅི་སྙིང་ཁམས་ཁྲག་རྩའི་ནད་སྨན་བཅོས་ཀྱང་བྱེད་མྱོང་མེད། ས་གནས་རང་གི་སྨན་པ་གསོ་སྐྱོང་བྱ་ཆེད། ང་རང་པེ་ཅིང་ཨན་ཀྲེན་སྨན་ཁང་དུ་ཟབ་སྦྱོང་བྱེད་པར་ལོ་གཅིག་སོང་བ་དང་། སློབ་དཔོན་སྨན་པ་ལི་ཅང་གིས་དམར་ཁྲིད་གནང་བ་བརྒྱུད་རྨང་གཞི་ནས་འགོ་བཙུགས་ཏེ་ལོ་གཅིག་རིང་སྦུག་འདྲེན་གཤགས་བཅོས་ཐེངས་ཆིག་སྟོང་ཙམ་ལ་ཞུགས་པས་འབྲེལ་ཡོད་ལག་རྩལ་སྤྱིར་ན་ཁོང་དུ་ཆུད་སོང”ཞེས་བཤད།

    ལྷ་སར་ལོག་རྗེས་བོད་སྐྱོར་སྨན་པ་ཀྲའོ་ཞུའེ་ཏུང་དང་ཝང་ཅན་ལུང་གཉིས་སྔ་རྗེས་སུ་བསོད་ནམས་ཀྱི་སློབ་དཔོན་གསར་པར་གྱུར་ནས་ཁོང་གི་ལག་རྩལ་དེ་བས་བྱང་ཆུབ་པར་གྱུར།

    2022ལོར། བསོད་ནམས་གཅིག་པུས་དོས་དྲག་རང་བཞིན་གྱི་སྙིང་རྩ་རེངས་པའི་མྱུར་སྐྱོབ་གཤགས་བཅོས་བྱེད་འགོ་ཚུགས། ད་བར་སྙིང་ནད་ཚན་ཁག་ཏུ་འབྲེལ་ཡོད་ལག་རྩལ་ཤེས་པའི་ས་གནས་རང་གི་སྨན་པ་5ཡོད། ཚབས་ལྕི་བའི་ནད་པ་ཐུག་དུས་ཅི་བྱ་གཏོལ་མེད་དུ་གྱུར་པའི་རྣམ་པ་དེ་ད་ལྟ་ལོ་རྒྱུས་སུ་གྱུར་ཟིན།

    འདི་ལོའི་ཟླ་8པར། ཀུའོ་ལི་ཀྲུའུ་སྙིང་ཁམས་ཁོག་ནད་ཚན་ཁག་ལ་ཞུགས་པ་དེ་ཐོག་ནས་པེ་ཅིང་ཨན་ཀྲེན་སྨན་ཁང་གི་རོགས་སྐྱོར་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་ཞིང་། ཀུའོ་ལི་ཀྲུའུ་ཡིས“སྨན་ཁང་གི་ཡུན་རིང་འཆར་འགོད་ནང་ང་ཚོས་སྐབས་གཉིས་ནས་གསུམ་བར་གྱི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་སྤྱིའི་སྙིང་ཁམས་ཁྲག་རྩའི་ནད་སྨན་བཅོས་གློག་གི་ལུས་ཁམས་ལག་རྩལ་གསར་ཤོས་དེ་ཚན་ཁག་ནང་དྲངས་ནས་ས་མཐོའི་སྨན་བཅོས་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྩིས་ཡོད”ཅེས་བཤད།

    སྙིང་ཁམས་ཁོག་ནད་ཚན་ཁག་ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་རྒྱལ་ཁབ་རིམ་པའི་ཚད་གཞིའི་བྲང་གཟེར་ལྟེ་གནས་རེ་འདུན་ཞུས་ཤིང་། རིམ་རྩིས་བྱས་ན་བྲང་གཟེར་རྒྱག་པའི་ནད་པ་མི་ཐེངས་2300ལྷག་ཙམ་དང་དོས་དྲག་སྙིང་རྩ་རེངས་པའི་ནད་པ་500ལྷག་ཙམ་མྱུར་སྐྱོབ་བྱས་ཡོད་པ་རེད།

    བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ལག་རྩལ་གསར་པ་ཁག་221ཡོད་པ་དེ་དག་ས་གནས་རང་གི་སྨན་པས་ཁེར་རྐྱང་དུ་བཀོལ་ཐུབ་པ་མ་ཟད། “ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག”ཅིག་ཀྱང་བཏོད་ནས་ཚན་ཁག་མང་པོ་ཞིག་ལ“ནད་ཆེན་བོད་ནས་བཅོས་ཐུབ་པའི”དམིགས་ཚད་སྤྱིར་ན་མངོན་འགྱུར་བྱུང་ཡོད་པ་རེད།

    བོད་དུ་འབྱོར་ནས་ཟླ་གཅིག་ལྷག་ཙམ་ལས་སོང་མེད་ཀྱང་། སྐབས་གསར་པའི་བོད་སྐྱོར་རུ་མིས་ཚན་ཁག་གི་སྣེ་ཁྲིད་དེ་འགྲན་སློང་གསར་པ་བསུ་འགོ་ཚུགས་པ་སྟེ། པེ་ཅིང་ཨན་ཀྲེན་སྨན་ཁང་གི་ཀུའོ་ལི་ཀྲུའུ་ཡིས་སྨན་ཁང་གི་འཕྲོ་ཟློས་ཞུ་གཤོང་གཤགས་བཅོས་ཐོག་མ་དེ་ལེགས་སྒྲུབ་བྱས་པ་དང་། པེ་ཅིང་བྱིས་པའི་སྨན་ཁང་ཕྲུ་གུ་དམར་འབྱར་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་ཀྲའོ་ཡུང་གིས་ལྷན་སྐྱེས་རང་བཞིན་གྱི་རྒྱུ་མ་ཟུམ་པའི་ཕྲུ་གུ་དམར་འབྱར་ལ་གཤགས་བཅོས་བྱས་པ། ཅི་ཧྲུའེ་ཐན་སྨན་ཁང་ནས་ཡིན་པའི་དབྱང་ཁྲེང་གིས་རྐང་པ་གཡོན་མར་རྨས་སྐྱོན་ཚབས་ཆེན་ཕོག་པའི་ནད་པ་ཞིག་ལ་གཤགས་བཅོས་བྱས་ནས་རྐང་པ་གཅོད་མི་དགོས་པ་བྱུང་བ་སོགས་རེད།

    “རྨང་གཞི་གང་ཡང་མེད་པ”ནས“རྐང་འཛིན་པར”གྱུར་པ་དང་། བསོད་ནམས་ཀྱང་ད་ཆ་ས་གནས་རང་གི་སྨན་པ་གཉིས་ཀྱི་དགེ་རྒན་ལ་གྱུར་ནས་ཅིང་བོད་དབར་གྱི“སེམས་སྦྲེལ”གྱི་སྙིང་སྟོབས་མུ་མཐུད་བརྒྱུད་སྤྲོད་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།