དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • དམའ་འབྲིང་བོད་ཡིག་བསླབ་གཞིའི《བློ་སྦྱོང་གླེང་བ》ཞེས་པའི་ སློབ་ཚན་ལས་འཕྲོས་པའི་བསམ་གཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-20

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག“མི་གང་འདྲ་ཞིག་གསོ་སྐྱོང་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པའི་དོན་གསུམ་པོ་ནི་སློབ་གསོའི་རྩ་བའི་གནད་དོན་ཉག་ཅིག་དེ་ཡིན་ལ། དེ་ནི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་སྲོག་ཤིང་ཡང་ཡིན། ང་ཚོས་སློབ་གསོའི་སྟོབས་ཤུགས་ཇེ་ཆེར་གཏོང་བའི་མཐར་ཐུག་གི་དམིགས་ཡུལ་ནི། མི་རབས་རྗེས་མའི་ཀུན་སྤྱོད་དང་། ཤེས་ཡོན། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་བྱེད་དུ་འཇུག་རྒྱུ་དེ་ཡིན”ཞེས་བཀའ་སློབ་གནང་ཡོད། དེ་ལྟའི་ཁྱད་འཕགས་ཀྱི་དགོངས་པའི་ཉིང་བཅུད་ལས་ང་ཚོས་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ཆེད་དུ་སློབ་གསོ་སློབ་ཁྲིད་བྱེད་དགོས་པ་གསལ་པོར་རྟོགས་ངེས་ལ། དེ་དག་ལས་སྒོ་གསུམ་གྱི་ཀུན་སྤྱོད་སྤྱི་དང་ཁྱད་པར་ནང་སེམས་ཀྱི་ཡོན་ཏན་ནི་སློབ་མའི་ནུས་རྩལ་ཡོངས་ཀྱི་རྩ་བའམ་རྨང་གཞི་ལྟ་བུ་ཡིན་པས། ང་ཚོས་ས་རྒྱུ་གཤིན་པོ་ཞིག་གི་ཐོག་ལ་ས་བོན་འདེབས་དགོས་པ་བཞིན། ཀུན་སྤྱོད་བཟང་པོའི་ཐོག་སློབ་སྦྱོང་དང་ལུས་རྩལ་སོགས་ལ་བརྩོན་ན་བཟང་བསྐྱེད་དེ་བས་ཆེ་བ་ནི་སྨོས་མ་དགོས།

    སློབ་མའི་ཀུན་སྤྱོད་གསོ་སྐྱོང་གི་ཐབས་ལམ་མང་པོ་ཡོད་ན་ཡང་། རང་རྒྱུད་ཀྱི་ཉོན་མོངས་ལ་རྒོལ་བའི་གཉེན་པོ་བློ་སྦྱོང་དང་བློ་སྦྱོང་གི་གཞུང་ནི་བདག་བས་གཞན་གཅེས་པར་འཛིན་པ་དང་། རང་གཞན་གྱི་བདེ་སྡུག་བརྗེ་བའི་སྙིང་སྟོབས། བཟོད་པ་དང་ཁོང་ཡངས། ཆོག་ཤེས་དང་བག་ཡོད། བྱམས་པ་དང་སྙིང་རྗེ་བརྩེ་བ་སོགས་སྐྱེད་སྲིང་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་དང་། བླ་ན་མེད་པ། གོང་ན་མེད་པ་ཡིན་པས། འདིར་བློ་སྦྱོང་ལས་འཕྲོས་པའི་གཏམ་དངོས་གཞི་ལ་འཇུག་པར་བྱའོ།

    དང་པོ། བློ་སྦྱོང་གི་ངེས་ཚིག

    《དུང་དཀར་ཚིག་མཛོད》ལས། བློ་སྦྱོང་ནི་རང་ཉིད་ཀྱི་བསམ་བློའི་ཐོག་ཉོན་མོངས་དུག་གསུམ་གྱི་ནང་ནས་གང་སྟོབས་ཆེ་བ་དེའི་མགོ་གནོན་པའི་ཆེད་དུ་ཆོས་ལུགས་ཀྱི་ནང་དོན་སྣེ་གཅིག་ལ་བློ་སྦྱོང་བའི་དོན་ཡིན་ཞེས་འཁོད་འདུག

    བློ་སྦྱོང་ཞེས་པའི་ཚིག་ལ་འགྲེལ་ན། བློ་ཞེས་པ་ཡུལ་རིག་པ་ལ་ཟེར། བློ་དང་རིག་པ། ཤེས་པ་རྣམས་དོན་གཅིག དེར་དབྱེ་ན། སེམས་དང་སེམས་བྱུང་གཉིས། རྟོག་བཅས་དང་རྟོག་མེད་གཉིས། དབང་ཤེས་དང་ཡིད་ཤེས། བློ་རིག་བདུན་སོགས་ཡོད། སྦྱོང་ཞེས་སྦྱོང་བ་སྟེ་སྐྱོན་སྤོང་བའི་དོན་དུ་གོ དེས་ན་བློ་སྦྱོང་ཞེས་བློ་ཡི་སྐྱོན་སྤོང་བའི་ཐབས་དང་ཐབས་དུ་མ་འདུས་པའི་གཞུང་དག་ལ་གོ་ན་འགྲིག་པར་སྙམ། མ་གཞི་ནམ་རྒྱུན་བློ་སྦྱོང་ཞེས་པ་ནང་རིག་གཞུང་དུ་སྤྱོད་པ་མང་ཡང་། དོན་དུ་མི་ཚང་མས་བློ་སྦྱོང་བསྟེན་དགོས་པ་དང་བློ་སྦྱོང་ཐོག་ལ་ཐོས་བསམ་སློབ་གཉེར་བྱེད་དགོས།

    གཉིས་པ། བློ་སྦྱོང་གི་དགོས་པ།

    སྤྱི་ཚོགས་འཚོ་བའི་ཁྲོད་མི་ཚང་མས་རང་གི་མི་ཚེ་སྟོང་ཟད་དུ་མི་འགྲོ་བའི་ཆེད་དུ་འདུན་པ་གང་རུང་ཞིག་ལ་དམིགས་ནས་བྱ་བ་རེ་འགོ་རྩོམ་གྱི་ཡོད། འོན་ཀྱང་རང་རྒྱུད་ལ་སྔར་ནས་གོམས་པའི་ཆགས་སྡང་དང་གཏི་མུག་དབང་གིས་འགོ་རྩོམ་པའི་བྱ་བར་དོན་གོ་ཆུང་ལ་དཀའ་རྙོག་ངེས་ཅན་འཕྲད་ཀྱི་ཡོད་པས། བློ་སྦྱོང་ལ་མཁས་པ་རེ་འགའ་མ་གཏོགས་མི་མང་པོས་རང་གི་རང་ལ་འཁང་ར་ཡང་ཐེངས་མང་བྱེད་བཞིན་ཡོད། གལ་ཏེ་ད་དུང་ཡང་རང་རྒྱུད་ཀྱི་ཉོན་མོངས་ལ་ངོས་འཛིན་ལེགས་པོ་ཞིག་མ་བྱུང་ན་འབྲས་བུ་སྡུག་བསྔལ་གཅིག་རྗེས་གཉིས་མཐུད་འབྱུང་སྲིད་པས། དེ་ཕྱིར་དུས་དང་རྣམ་པ་ཀུན་ཏུ་ཉོན་མོངས་འཇོམས་པའི་གཉེན་པོ་བློ་སྦྱོང་ལ་གོམས་པར་བྱེད་དགོས། མི་མང་པོས་མི་ཚང་མར་ཉེས་སྐྱོན་ཡོད་པ་ཁས་ལེན་ཡང་ཉེས་སྐྱོན་སེལ་ཐབས་ཇི་ལྟར་ཡོད་མེད་ལ་སྣང་འཇོག་དེ་ཙམ་མེད་པས། མཐར་ཉེས་སྐྱོན་ཆུང་ངུའང་སེལ་བའི་ཐབས་མ་རྙེད་པར་སྡུག་སྐད་ལུང་པ་གང་བརྒྱབ་ནས་སྡོད་ཅིང་། སྡུག་བསྔལ་གྱི་རྒྱུ་རང་རྒྱུད་ཀྱི་བདག་གཅེས་འཛིན་དང་གཞན་ཡལ་བར་འདོར་བའི་བློ་ངན་པ་འདི་ཡིན་པ་ངོ་མ་ཤེས་ཤིང་། དེ་མ་ཤེས་པས་དེ་འདོར་འདོད་ཀྱི་བློ་དང་འདོར་ཚུལ་གྱི་ཐབས་དང་བཅས་པ་ལའང་རྨོངས་པར་གྱུར་པས། བློ་སྦྱོང་ཞེས་པའི་མིང་ཙམ་གྱིས་ཡིད་མ་ཚིམ་པར། བློ་སྦྱོང་གི་གཞུང་འདྲ་མིན་དག་གི་དགོངས་པ་དེང་གི་སྤྱི་ཚོགས་ཀྱི་དགོས་མཁོ་དང་། རྒྱལ་ཁབ་ཀྱི་སློབ་གསོའི་དགོངས་པ་དང་བསྟུན་ནས་ཐོས་བསམ་བྱེད་དགོས་པ་དང་། ཐོས་བསམ་བྱས་པ་དག་ཀྱང་ལག་ལེན་དུ་བསྟར་ཤེས་པ་དགོས།

    དེང་གི་ཆར། སློབ་འབྲིང་སློབ་མའི་ཀུན་སྤྱོད་ཐད་ཕ་མ་དང་དགེ་རྒན་མང་པོས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་ལ། གཞུང་ཕྱོགས་ནས་དགེ་རྒན་གྱི་ཀུན་སྤྱོད་ལའང་དོ་ཁུར་ཆེན་པོ་གནང་གི་ཡོད། མཁྱེན་རྒྱ་ཡངས་པའི་སྐྱེས་བུ་དང་སྐྱེ་བོ་མི་ཉུང་བ་ཞིག་གིས་དགེ་སློབ་ཡོངས་ལ་མི་གཤིས་བཟང་པོ་ཞིག་འཇགས་པར་བྱེད་དགོས་ལུགས་ཐད་མཛུབ་སྟོན་དང་བསླབ་བྱ་རབ་དང་རིམ་པ་གནང་གི་ཡོད། དཔེར་ན། བོད་ལྗོངས་སློབ་ཆེན་གྱི་དགེ་བའི་བཤེས་གཉེན་བསྟན་འཛིན་དོན་གྲུབ་ཀྱིས་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་སྐོར་གྱི་ཆེད་དོན་འཆད་ཁྲིད་ཐོག གཞི་རིམ་གྱི་དགེ་རྒན་རྣམ་པར་རྣག་ཐོག་གཙག་འཁེལ་གྱི་བསླབ་བྱ་དང་རེ་བ་ནན་པོ་བཏོན་ཡོད་དེ། གཅིག འཛམ་གླིང་འདི་འཕེལ་རྒྱས་དང་འགྲན་རྩོད་ཆེ་རུ་འགྲོ་ཞིང་། མི་དང་མིའི་དབར་གྱི་བྱམས་པ་དང་བརྩེ་བ། ལྷག་བསམ་བཅས་ཉམས་རྒུད་དུ་འགྲོ་ཉེན་ཆེ་བའི་དུས་རབས་ཀྱི་དཀྱོག་མཚམས་སུ། ང་ཚོས་ནང་སེམས་རྒྱུད་ཀྱི་བླ་ན་མེད་པའི་རིག་གནས་ལ་བདག་གཅེས་དང་གཙིགས་ཆེན་བགྱིས་ཏེ། བྱམས་པ་དང་བརྩེ་བའི་ཡོན་ཏན་གྱིས་མི་རྣམས་ཡ་རབས་བཟང་ཕྱོགས་སུ་ཁྲིད་དགོས། གཉིས། བྱམས་པ་དང་བརྩེ་བའི་སློབ་གསོར་བརྟེན་ནས་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་རྒྱུ་ནི་ཁྱད་དུ་འཕགས་པའི་སློབ་གསོ་གཏོང་ཐབས་ཤིག་ཡིན། རང་དོན་ཁོ་ནར་ཕན་པའི་དམིགས་ཡུལ་ཉི་ཚེ་བ་ཞིག་སེམས་ལ་ཉར་ནས་ཕྱི་ལུས་ཀྱི་རྣམ་འགྱུར་ལས་གཞན་ལ་ཕན་འདོགས་མདོག་སྟོན་པ་ནི་ཀུན་སློང་ཡང་མ་དག་པ་ཡིན་པས། དེ་ཕྱིར་ལྷག་བསམ་རྣམ་པར་དག་པའི་ཀུན་སློང་རྒྱུད་ལ་སྐྱེས་ནས་བསླབ་བྱ་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ། གསུམ། ཁོང་ཁྲོ་ནི་སྡུག་བསྔལ་ཀུན་གྱི་འབྱུང་རྩ་ཡིན་ཞིང་། མིག་སྔར་འཛམ་གླིང་དུ་བཅོས་ཐབས་མེད་པའི་ནད་རིགས་མང་ཆེ་བ་ནི་ཁོང་ཁྲོ་ལས་བྱུང་བ་ཡིན་ཞེས་བཤད་ན་ཡང་མི་འགྲིག་པ་མེད། དེ་ཕྱིར་རང་སེམས་རང་གིས་བཅོས་དགོས། བཞི། སེམས་འདི་བདེ་སྡུག་ཀུན་གྱི་གཞི་རྩ་ཡིན། དེ་ཕྱིར་སེམས་འདི་ཡག་པོ་སྐྱོང་ཤེས་པ་མཛོད། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ནི་འཇིག་རྟེན་སྐྱེ་འགྲོ་ཀུན་གྱི་འདུན་པ་ཡིན། དེ་ཡང་སེམས་རྒྱུད་འདི་ལ་རག་ལས་པས་ཐམས་ཅད་འབྱུང་རྩ་སེམས་རྒྱུད་དག་མིན་ཡིན་ཞེས་སེམས་རྒྱུད་མ་དག་པ་དག་པར་བྱེད་པ་དང་། དག་པ་གོང་ནས་གོང་དུ་འཕེལ་བར་བྱེད་པ་ལ་དུས་རྟག་ཏུ་བློ་སྦྱོང་ཤེས་པ་དང་བློ་སྦྱོང་ལ་གོམས་འདྲིས་བསྟེན་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་ཡིན་པ་དངོས་ཤུགས་རྒྱུད་གསུམ་ལས་རྟོགས་ཐུབ་བོ།

    མདོར་ན། བློ་སྦྱོང་ཞེས་པ་ནི་མིའི་རིགས་ཀྱི་ནང་སེམས་ཀྱི་ཚོར་བ་དང་འབྲེལ་བའི་བདེ་བ་སྤེལ་ཚུལ་གྱི་ཐབས་ཁྱད་པར་ཅན་ཞིག་ཡིན་པས། དེ་ཡང་སློབ་མས་བློ་སྦྱོང་སྐབས་བློ་སྦྱོང་གི་ཡོན་ཏན་ཁྱད་པར་ཅན་མེད་ནའང་ཅུང་ཟད་རེ་རང་གི་སེམས་རྒྱུད་ལ་མཆིས་པའི་དགེ་རྒན་གྱི་དཔུང་ཁག་སྐྱེད་སྲིང་བྱེད་དགོས་པ་ནི་ཤིན་ཏུ་གལ་འགངས་ཆེ།

    གསུམ་པ། བློ་སྦྱོང་གི་གཞུང་ངོ་སྤྲོད།

    སློབ་འབྲིང་བོད་ཡིག་གི་སློབ་ཚན《བློ་སྦྱོང་གླེང་བ》ཞེས་པའི་ཕྱི་རྒྱལ་གྱི་མཁས་པའི་བརྩམས་ཆོས་དེ་མཇལ་དུས། ང་ལ་བརྗོད་མི་ཤེས་པའི་དགའ་སྣང་ཞིག་སྟེར་བྱུང་། རྒྱུ་མཚན་ནི་སློབ་མའི་ཀུན་སྤྱོད་གསོ་སྐྱོང་བྱེད་རྒྱུ་ནི་ང་ཚོ་དགེ་རྒན་གྱི་ལས་ཀའི་འགན་འཁྲི་ཆེ་ཤོས་ཤིག་ཡིན་ཡང་། ཡིག་རྒྱུགས་ཀྱི་འགྲན་རྩོད་འོག་ངས་སློབ་མ་ཚོར་བློ་སྦྱོང་སྐོར་གྱི་བསླབ་བྱ་མང་པོ་ཞིག་བྱེད་ཁོམ་མ་བྱུང་། དེའི་རྐྱེན་གྱིས་ངའི་ལུས་སེམས་གཉིས་དབར་འགལ་ཟླ་ཆེན་པོ་ཞིག་ཡོང་གི་འདུག ད་ཐེངས《བློ་སྦྱོང་གླེང་བ》ཞེས་པའི་སློབ་ཚན་དེའི་ཁ་བྱང་མཇལ་བ་ཙམ་གྱིས་ངའི་ལུས་སེམས་ཀྱི་འགལ་ཟླ་སེལ་ཐུབ་པའི་སྣང་བ་ཞིག་སྐྱེས་འོང་། ཕྱོགས་གཞན་ནས་རང་མི་རིགས་ལ་བློ་སྦྱོང་སྐོར་གྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ཡོད་པས། དེ་ལས་ཆུ་ཐིགས་ཙམ་ཞིག་བླངས་ཏེ་ངོ་སྤྲོད་བྱ་བར་འདོད། དེ་ཡང་དཔལ་མར་མེ་མཛད་ཀྱི་ཐུགས་ཀྱི་བཅུད་ལས་ཕྱུང་བའི་གདམས་ངག་ཆེ་བ་བཞི་དང་ཁྱད་ཆོས་གསུམ་དང་། ལྷག་པར་དུ་འཕགས་པའི《བྱང་ཆུབ་ལམ་གྱི་སྒྲོན་མ》ཞེས་རྒྱ་བོད་ཀུན་ཏུ་འཕྲིན་ལས་ཆེས་ཤིན་ཏུ་རྒྱས་པ་བྱུང་བར་འཆད་ཀ་བའི་བློ་སྦྱོང་དོན་བདུན་མ་དང་གླང་ཐང་བའི་ཚིག་བརྒྱད་མ། ཤ་བོ་སྒང་བའི་བློ་སྦྱོང་། ཁམས་པ་གླང་བའི་བློ་སྦྱོང་ཐུན་བརྒྱད་མ་ལ་སོགས་རྩ་བ་གཅིག་ལས་གྱེས་པའི་བློ་སྦྱོང་གི་གཞུང་བཤད་བརྒྱ་སྟོང་ཕྲག་དུ་མ་དང་། བཀའ་གདམས་གོང་མ་རྣམས་ནས་བརྒྱུད་པའི་མན་ངག་དང་མྱོང་ཐོག་གི་བཤད་པ་དང་མཛད་པ་ཤིན་ཏུ་མང་པོ་བྱུང་བ་དག་ནི་རྒྱ་ཆེ་ལ་གཏིང་ཟབ་པའི་བློ་སྦྱོང་གི་གཞུང་ཡིན་པ་དང་། ཕྱིས་སུ་བྱོན་པའི་མཁས་པ་རྣམས་ཀྱིས་གཞུང་དེ་དག་ལ་གཞི་བཅོལ་ཏེ་ལེགས་བཤད་དང་བསླབ་བྱའི་བརྩམས་ཆོས་མི་ཉུང་བ་ཞིག་རྩོམ་སྒྲིག་གནང་ཡོད་པ་དག་ཀྱང་། བརྗོད་བྱ་བློ་སྦྱོང་ཁོ་ན་ལས་མ་འདས་པས། དགེ་སློབ་གཉིས་ཀས་ལེགས་བཤད་དང་བསླབ་བྱའི་རྩོམ་ཡིག་དག་ལ་སྔར་ལས་ལྷག་པའི་ཉམས་ལེན་དང་བཀོལ་སྤྱོད་བྱེད་པར་དོ་སྣང་བྱེད་དགོས། དེ་ལྟར་རང་རྒྱུད་སྨིན་པའི་ཆེད་དུ། ཕྱིན་དྲུག་གི་སྤྱོད་པ་ལ་སློབ་སྦྱོང་དང་མྱོང་བ་ཅི་ཐོན་གྱིས་འབད་པ་ནི་དོན་དུ་བློ་སྦྱོང་བ་ཡིན་ནོ། དེ་མིན་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལའང་བློ་སྦྱོང་གི་གཞུང་མང་པོ་ཡོད་སྲིད་ཀྱང་རང་ཉིད་གོ་རྒྱ་ཆུང་བས་ད་ཐེངས་ཤོད་པའི་སྤོབས་པ་མ་མཆིས།

    བཞི་པ། བློ་སྦྱོང་གི་འཆད་ཉན།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ལས། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ནི་མི་གཤིས་འཛུགས་སྐྱོང་བྱེད་པའི་རྩ་བའི་འོས་འགན་གྱི་འགངས་ཆེའི་སློབ་ཚན་རེད་ཅེས་གསུངས་པ་དང། ཆེད་དོན་གསུང་བཤད་གནང་སྐབས་དགོངས་ཚུལ་ཁག་བཞི་ཙམ་གསུངས་ཡོད་དེ། དང་པོ། བསམ་བློ་ཆབ་སྲིད་ཀྱི་གཞུང་ལུགས་སློབ་ཚན་གཉེར་དགོས་པའི་གལ་ཆེའི་རང་བཞིན། གཉིས་པ། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཚད་ལྡན་ཞིག་འཛུགས་སྐྱོང་ཐུབ་མིན་གྱི་འགག་རྩ་ནི་དགེ་རྒན་ཡིན་པ། གསུམ་པ། བསམ་བློ་ཆབ་སྲིད་སློབ་ཚན་གྱི་ནང་དོན་ཟབ་ལ་རྒྱ་ཆེ་བ་ཞིག་དགོས་པ། བཞི་པ། ཏང་གིས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ལ་འགོ་ཁྲིད་དགོས་པ་བཅས་བསྟན་གནང་ཡོད་པས། ང་ཚོས་རྩ་ཆེའི་དགོངས་ཚུལ་དག་དང་ཡོངས་སུ་མཐུན་པའི་ཐོག བློ་སྦྱོང་གི་འཆད་ཉན་ལེགས་གྲུབ་ཡོང་བར་བྱེད་དགོས་ཏེ། གཅིག་ནི་བློ་སྦྱོང་གི་ཁོར་ཡུག་ལེགས་པོ་ཞིག་དགོས་པ་དང་། གོང་འོག་ཡོངས་ནས་སློབ་མའི་བསམ་བློ་ཀུན་སྤྱོད་གསོ་སྐྱོང་གི་ཐད་ཁ་ཡོད་ལག་ཡོད་ཀྱི་ནུས་པ་རེ་འདོན་དགོས་པ། གཉིས་ནི་མཁས་བཙུན་བཟང་གསུམ་གྱི་དགེ་རྒན་གསོ་སྐྱོང་བྱེད་དགོས་པ། གསུམ་ནི་བཤད་བྱའི་ནང་དོན་ཕུན་སུམ་ཚོགས་ཤིང་། ལག་ཏུ་ལེན་བདེ་བ་ཞིག་དགོས་པ། དེའི་ཐད་གཙོ་བོ་བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་ཚོས་སྣེ་ཁྲིད་ལམ་སྟོན་བྱེད་དགོས།

    མིག་སྔར་སློབ་འབྲིང་སློབ་མའི་བསམ་བློ་ཀུན་སྤྱོད་གསོ་སྐྱོང་བྱ་རྒྱུ་ནི་ཁྱིམ་བདག་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་སློབ་གྲྭ་དང་དགེ་རྒན་ལ་བཏོན་པའི་རེ་བ་ཞིག་ཡིན་ལ། དགེ་རྒན་ཞིག་གི་ངོས་ནས་ཀྱང་། ཡིག་རྒྱུགས་ཀྱི་ཐོབ་སྐར་རྩོད་པ་དང་ཆབས་ཅིག སློབ་མར་ཞར་དང་ཞོར་ལ་བསམ་བློ་ཀུན་སྤྱོད་ཐད་ཁ་ཏ་བསླབ་བྱ་བྱེད་རྒྱུ་ནི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཀྱང་ཡིན་པས། བསླབ་བྱའི་ནུས་པ་ཇེ་ཆེར་གཏོང་ཆེད། དགེ་རྒན་ཚོས་བསླབ་བྱ་གཏོང་ལུགས་ཐད་དོ་སྣང་བྱེད་དགོས་པ་འགའ་ཡོད་དེ། གཅིག་ནས་དགེ་རྒན་གྱིས་སྤྱོད་ལམ་ཐད་རང་དཔེ་གཞན་སྟོན་ཐུབ་པ་དང་། གཉིས་ནས་བློ་སྦྱོང་གི་གཞུང་ལ་སློབ་སྦྱོང་བྱེད་འདོད་ཀྱི་སྤྲོ་སྣང་ཡོད་དགོས་པ། གསུམ་ནས་ལག་ལེན་དངོས་ཀྱི་ཐོག་ནས་སློབ་མར་བློ་སྦྱོང་སྐོར་གྱི་ཤེས་བྱ་མང་ཙམ་འཆད་ཁྲིད་བྱེད་དགོས།

    མདོར་ན། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ལ་མཐོང་ཆེན་གང་ལེགས་བྱེད་པའི་རྨང་གཞིའི་ཐོག དགེ་རྒན་ཡོངས་ཀྱིས་བློ་སྦྱོང་དང་བློ་སྦྱོང་གི་གཞུང་ཁག་ལ་སློབ་སྦྱོང་བྱེད་དགོས་པ་མ་ཟད། སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་དམིགས་ཏེ་དང་ཐོག་བསམ་བློ་ཀུན་སྤྱོད་བཟང་པོ་ཞིག་འཛུགས་སྐྱོང་བྱེད་དགོས་སོ། 

    (ལྷུན་གྲུབ་རྫོང་སློབ་འབྲིང་གི་དགེ་རྒན་རྣམ་གྲོལ)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།