རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས“ལྟེ་གནས་ཆེན་པོ་ལྔ”སྔོན་ལ་བསྐྲུན་པ།
ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ནས་ཤེས་རྟོགས་བྱུང་བར། སྨན་ཁང་དེས་སྨན་བཅོས་ཞབས་ཞུའི་ཁྱབ་ཁོངས་ཐད་སླར་ཡང་གོམ་སྟབས་བརྟན་པོ་ཞིག་སྤོས་ནས་བོད་རང་སྐྱོང་ལྗོངས་སུ“ལྟེ་གནས་ཆེན་པོ་ལྔ”བསྐྲུན་པའི་སྨན་ཁང་དང་པོར་གྱུར་ཏེ་མང་ཚོགས་ལ་དེ་བས་ཕྱོགས་ཡོངས་དང་ལས་ཕྱོད་ཆེ་བའི་སྨན་བཅོས་ཞབས་འདེགས་ཞུ་རྒྱུ་རེད། “ལྟེ་གནས་ཆེན་པོ་ལྔ”ནི་བྲང་གཟེར་ལྟེ་གནས(རྒྱལ་ཁབ་ཀྱི་ཚད་གཞི)དང་། གཟའ་གྲིབ་ལྟེ་གནས(རྒྱལ་ཁབ་ཀྱི་རིམ་གསུམ་སྨན་ཁང་གི་གཟའ་གྲིབ་ལྟེ་གནས) རྨས་སྐྱོན་ལྟེ་གནས(མཐོ་རིམ་རྨས་སྐྱོན་ལྟེ་གནས) ཉེན་ཆེའི་སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་སྐྱེད་མ་སྐྱོབ་བཅོས་ལྟེ་གནས(རང་སྐྱོང་ལྗོངས་རིམ་པ)དང་དེ་བཞིན་ཉེན་ཆེའི་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས(རང་སྐྱོང་ལྗོངས་རིམ་པ)བཅས་ཡིན་ཞིང་། ད་དུང་སྙིང་ཀླད་ཁྲག་རྩའི་ནད་དང་། རྨས་སྐྱོན་ཚབས་ཆེན། ཉེན་ཆེའི་སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་སྐྱེད་མ་དང་དེ་བཞིན་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་སོགས་འགག་རྩའི་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་རིག་འཛིན་གྱིས“ལྟེ་གནས་ཆེན་པོ་ལྔ་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་པ་དེ་ནི་སྨན་ཁང་གི་སྨན་དོན་པ་ཡོངས་ཀྱིས་ཐུན་མོང་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་རེད་ལ། སྨན་བཅོས་ཤེས་ལྡན་པའི‘ཚོགས་སྒྲིག་རྣམ་པའི’བོད་སྐྱོར་ཕན་འབྲས་ཀྱི་མཚོན་ཚུལ་ཞིབ་ཕྲ་ཞིག་ཀྱང་རེད། འབྱུང་འགྱུར་ང་ཚོས་ལྟེ་གནས་ཆེན་པོ་ལྔའི་འཛུགས་སྐྲུན་དང་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་ཀྱི་ཕྱོགས་བསྡུས་སྐྱོབ་བཅོས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ལྗོངས་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན”ཞེས་བརྗོད།