དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་ཐང་ཧྥུང་ཆུང་།

    སློབ་གསོའི་ལས་ལ་དགའ་ཞེན་གྱིས། སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་བཏོན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-17

    ཐང་ཧྥུང་ཆུང་2017ལོའི་ཟླ་12པར་ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭར་ལས་བགོས་བརྒྱབ་ཅིང་། བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་གྱི་དགེ་རྒན་བྱས། དགེ་རྒན་གྱི་ལས་སུ་ཞུགས་ནས་ལོ་7རིང་ཁོ་མོས་སློབ་གྲྭ་རང་ཉིད་ཀྱི་ཁྱིམ་ཚང་གཉིས་པར་བརྩིས། ཁོང་གིས“དགེ་རྒན་གྱི་འཆད་སྟེགས་ཐོག་སྐྱོད་སྐབས་ཤེས་ཡོན་སྦྱོང་འདོད་སྐོམ་པ་ཆུ་འདོད་ལྟར་བྱེད་པའི་སློབ་མ་ཚོའི་མིག་ཟུང་མཐོང་སྐབས། ངས་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་བཏོན་ནས་སློབ་ཚན་ཡག་པོ་ཁྲིད་ཐུབ་པ་དང་སློབ་གསོ་ཡག་པོ་གཏོང་ཐུབ་པ་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་བཤད།

    སློབ་ཁྲིད་ལས་དོན་དེ་བདེན་པོ་བདེན་ཐུབ་དང་། ཏན་ཏིག ཞིབ་ཚགས། གྲུབ་འབྲས་ཐོབ་པ་བཅས་ཡོང་བ་བྱེད་རྒྱུ་ནི་ཐང་ཧྥུང་ཆུང་གིས་ཐོག་མཐའ་བར་གསུམ་དུ་ལས་ཀར་འཛིན་པའི་རྣམ་འགྱུར་དང་སྤྱོད་ཚུལ་ཞིག་རེད། གཞོན་ནུ་དགེ་རྒན་ཞིག་ཡིན་པའི་ཁོ་མོས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་རྒྱུའི་རྩ་བའི་ལས་འགན་མཐའ་འཁྱོངས་བྱས་ཁར། “མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་རྩ་བའི་གནད་དོན་ལ་དམ་པོར་དམིགས་ནས་མི་དམངས་ཀྱི་དགེ་རྒན་གྱི་བླ་ན་མེད་པའི་འགན་འཁྲི་ཏན་ཏིག་བསྒྲུབས། ཡུན་རིང་མ་སོང་གོང་ཐང་ཧྥུང་ཆུང་ལ་2024ལོའི“རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན”གྱི་མཚན་སྙན་ཐོབ།

    “རྒན་ཐང་ལགས་ནི་འགན་སེམས་ཆེ་ལ་སློབ་ཁྲིད་ལ་མཁས་པའི་དགེ་རྒན་ཞིག་རེད། ང་ཚོར་མི་ཤེས་པ་འཕྲད་སྐབས་ང་ཚོས་མ་ཤེས་བར་དུ་ཁོང་གིས་ངང་རྒྱུད་རིང་པོས་སློབ་ཁྲིད་གནང་གི་འདུག སློབ་ཚན་གྲོལ་རྗེས་ཁོང་གིས་རྟག་ཏུ་ང་ཚོ་དང་སྙིང་གཏམ་ཤོད་རེས་གནང་བས། ཁོང་ངའི་གྲོགས་མོ་དང་ཁྱད་མེད”ཅེས་ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་ནད་སྐྱོང་འཛིན་གྲྭའི་སློབ་མ་བསྟན་འཛིན་སྒྲོལ་དཀར་གྱིས་བཤད།

    སློབ་མའི་གནས་ཚུལ་ཤེས་རྟོགས་སྔར་བས་གསལ་པོ་ཡོང་བ་བྱེད་ཆེད། ཐང་ཧྥུང་ཆུང་གིས་སློབ་གྲྭས་སྤེལ་བའི“རོགས་རམ་གསུམ”གྱི་རོགས་སྐྱོར་དང་དགེ་རྒན་གྱིས་སློབ་མའི་ཉལ་ཁང་དང་འབྲེལ་གཏུག་བྱེད་པ་སོགས་ཀྱི་ལས་དོན་སྤེལ་བའི་སྐབས་དང་བསྟུན་ཏེ། སློབ་ཚན་གྲོལ་རྗེས་སློབ་མའི་འཛིན་གྲྭ་དང་ཉལ་ཁང་དུ་བསྐྱོད་དེ་སློབ་མ་དང་སྙིང་གཏམ་ཤོད་རེས་བྱས་ནས་སློབ་མའི་བསམ་བློ་དང་། སློབ་སྦྱོང་། འཚོ་བ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་མ་ཟད། ད་དུང་སློབ་མ་ཚོར་འཕྲད་པའི་ཆེད་ལས་དང་། སློབ་རིམ་འཕར་བ། ལས་ཞུགས། འཚོ་བ་སོགས་ཐད་ཀྱི་གནད་དོན་ཐག་གཅོད་ཀྱང་བྱས།

    ཐང་ཧྥུང་ཆུང་གིས་སློབ་མར་སེམས་ནུས་ཡོད་རྒུ་འདོན་པ་དང་སེམས་ཁུར་ཆེན་པོ་བྱས་སྟབས་སློབ་མ་ཚོའི་ཁས་ལེན་ཐོབ་པ་དང་ཆབས་ཅིག་སློབ་མ་ཚོས་ཁོང་ལ་ཤིན་ཏུ་བརྩེ་བ་ཟབ་མོ་འཆང་བཞིན་ཡོད།

    ལས་དོན་ཏན་ཏིག་བསྒྲུབས་པ་དང་སློབ་ཁྲིད་ཧུར་ཐག་བྱས་པར་བརྟེན་ཐང་ཧྥུང་ཆུང་ལ་སློབ་གྲྭ་རིམ་པའི“ཕུལ་བྱུང་དགེ་རྒན”དང“ཕུལ་བྱུང་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ལས་དོན་པ”དང་། ཆབ་མདོ་གྲོང་ཁྱེར་གྱི་སློབ་ཁྲིད་འཇོན་ཐང་ཅན། བོད་རང་སྐྱོང་ལྗོངས་ཀྱི་དགེ་རྒན་གྱི་སློབ་ཁྲིད་ནུས་པ་འགྲན་བསྡུར་ཆེན་པོའི་བྱ་དགའ་རིམ་པ་གཉིས་པ་སོགས་ཀྱི་མཚན་སྙན་སྔ་རྗེས་སུ་ཐོབ། ཁོ་མོས་ད་དུང་ཁེར་རྐྱང་ངམ་ཡང་ན་རྩོམ་པ་པོ་དང་པོའི་མིང་ཐོག་ནས་དཔྱད་རྩོམ་ཁག་10སྤེལ་བ་དང་། གྲོང་ཁྱེར་རིམ་པའི་ཞིབ་འཇུག་བྱ་གཞི་1དང་རང་སྐྱོང་ལྗོངས་རིམ་པའི་ཞིབ་འཇུག་བྱ་གཞི་1གཙོ་སྐྱོང་བྱས་པ། རྒྱལ་ཁབ་རིམ་པའི་ཞིབ་འཇུག་བྱ་གཞི་1ནང་ཞུགས་ཡོད་པ་རེད།

    “‘མི་ཚེ་གང་པོར་བྱ་བ་གཅིག་བདམས་ནས་དེ་ལེགས་པར་བསྒྲུབ་རྒྱུ’ནི་ངའི་དད་སེམས་ཡིན། ངས་སློབ་གསོའི་ལམ་བུར་གོམ་པ་རེ་རེ་བྱས་ནས་བསྐྱོད་དེ་རང་གིས་ཤེས་པའི་གནས་ལུགས་དང་རང་གིས་སྦྱངས་པའི་ཤེས་བྱ་སྦ་གསང་མེད་པར་སློབ་མ་ཚོར་བརྒྱུད་ཁྲིད་བྱས་ཏེ། ཁོང་ཚོ་གཞི་རྩའི་ཤེས་བྱ་དང་རྩལ་ནུས་ཁོང་དུ་ཆུད་ནས་སྤྱི་ཚོགས་ཐོག་སྔར་བས་ལེགས་པའི་སྒོ་ནས་སྐྱོད་ཐུབ་པར་བྱེད་ཀྱི་ཡིན”ཞེས་ཐང་ཧྥུང་ཆུང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།