“མི་རིགས་ཁག་གི་སྤུན་ཟླ་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ”
—— བོད་ལྗོངས་མངའ་རིས་ས་ཁུལ་གྱི་སློབ་གྲྭའི་སློབ་གསོའི་སྐོར་གྱི་མཐོང་ཐོས།
འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭར། དགེ་རྒན་ཚེ་རིང་ཆོས་སྐྱིད་ཀྱིས་དམའ་རིམ་ལོ་རིམ་གསུམ་པའི་འཛིན་གྲྭ་གཉིས་པའི་སློབ་མར་སློབ་ཚན་འཁྲིད་བཞིན་པ།
བྱང་གི་འཕྲེད་ཐིག་ཏུའུ་31གི་ཉི་ཟེར་མེས་རྒྱལ་ལྷོ་ནུབ་ཀྱི་གླང་ཆེན་ཁ་འབབ་འགྲམ་གྱི་སློབ་གྲྭའི་སྒོ་འགྲམ་གྱི“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་འཁོད་པའི་རྡོ་རིང་ལ་འཕྲོ་སྐབས་བཀྲག་མདངས་རབ་ཏུ་འཚེར།
བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭར་སྐྱོད་སྐབས། དམའ་འབྲིང་ལོ་རིམ་གསུམ་པའི་འཛིན་གྲྭ་གཉིས་པའི་ཕྲུ་གུ་ཚོ་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཚོག་བཞིན་འདུག དགེ་ རྒན་ཚེ་རིང་ཆོས་སྐྱིད་ཀྱིས“ཁྱེད་ཚོ་སུས་རྒྱལ་གཅེས་སྐོར་གྱི་གཏམ་རྒྱུད་ཅིག་ཤོད་ཐུབ་བམ”ཞེས་དྲིས། ཕྲུ་གུ་ཚོས་ཡུད་ཙམ་བསམ་བློ་བཏང་རྗེས་ལག་པ་བརྐྱངས་པ་དང་། བཀྲ་ཤིས་དགེ་འདུན་གྱིས་ཡར་ལངས་ནས“རྒྱལ་རྩེ་སྲུང་སྐྱོབ་དམག་འཁྲུག་སྐབས་བཙན་འཛུལ་པས་ཚུར་རྒོལ་ཐེངས་མང་བྱས་ཀྱང་མི་རིགས་ཁག་གི་སྤུན་ཟླས་སྔར་བཞིན་དམག་འཐབ་མཐའ་འཁྱོངས་དང་ཤི་དགོས་བྱུང་ཡང་མགོ་བོ་མི་སྒུར་བར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དམངས་སེམས་གཅིག་སྒྲིལ་གྱི་སྙིང་སྟོབས་མངོན་པར་བྱས་ཡོད”ཅེས་ལན་བཏབ།
ཤ་རྩི་ཅུང་ནག་ལ་ངོ་ཚ་སྨིན་པའི་བུ་འདི་ནམ་རྒྱུན་ནས་ལོ་རྒྱུས་སྐོར་གྱི་དེབ་ལྟ་རྒྱུར་ཤིན་ཏུ་དགའ་པོ་ཡོད། བཀྲ་ཤིས་དགེ་འདུན་གྱིས“དམར་དམག་གིས་ལེ་དབར་ཉིས་ཁྲི་ལྔ་སྟོང་རྒྱང་སྐྱོད་བྱས་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་བའི་སྐོར་རྒན་ལགས་ཀྱིས་སློབ་ཚན་སྐབས་གསུངས་མྱོང་ཡོད། མི་རིགས་ཁག་ཚང་མས་ལེགས་སྐྱེས་ཆེན་པོ་ཕུལ་ཡོད”ཅེས་བཤད།
དེང་གི་དུས་སུ་ཕྲུ་གུ་ཚོས་གངས་ལྗོངས་ས་མཐོའི་འཕོ་འགྱུར་ཆེན་པོ་སྔར་བས་ཚོར་ཐུབ་ལ་དེའི་ཁྲོད་ཀྱི་བབ་ཆགས་པའི་གནས་ལུགས་ཀྱང་རྟོགས་ཐུབ་ཀྱི་ཡོད།
སློབ་གསེང་སྐབས་སུ་མི་རིགས་ཁག་གི་སློབ་མ་ཚོས་ལག་གདང་སྦྲེལ་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ཤོན་གྱི་སྒྱུ་རྩལ་ཁྱད་ཆོས་ལྡན་པའི་སློབ་གསེང་ལུས་རྩལ་རྩེ་ཞིང་། ཚང་མའི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར།
དེའི་ཁྲོད་ལོ་རིམ་དྲུག་པའི་འཛིན་གྲྭ་དང་པོའི་སློབ་མ་བཀྲ་ཤིས་དབང་མོས་ཡག་ཤོས་འཁྲབ་ཅིང་། ཁོ་མོ་ནི་སློབ་གྲྭའི་རྒྱལ་དར་སྒྲེང་མཁན་ཞིག་ཡིན་པ་མ་ཟད། ད་དུང་མི་རིགས་མཐུན་སྒྲིལ་གྱི་འཆད་འགྲེལ་པ་ཆུང་ཆུང་ཞིག་ཀྱང་ཡིན། “ན་ནིང་ཟླ་8པ་ནས་བཟུང་གཟའ་འཁོར་རེར་ངས་རྒྱལ་དར་སྒྲེང་གི་ཡོད། རྒྱལ་དར་དལ་བུར་སྒྲེང་བ་མཐོང་སྐབས་ངའི་སེམས་ནང་དགའ་ཚོར་ཆེན་པོ་ཡོང་གི་འདུག”ཅེས་བཀྲ་ཤིས་དབང་མོས་བཤད།
ས་མཐོའི་ཕྲུ་གུ་ཚོ་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་བདེ་ཐང་ངང་འཚར་ལོངས་བྱུང་བ་དེ་རི་ཆུ་ཁྲི་སྟོང་མང་པོ་བརྒལ་ནས་ཡོང་བའི་བོད་སྐྱོར་དགེ་རྒན་ཁག་མང་པོ་དང་ཁ་འབྲལ་ཐབས་མེད། སློབ་གྲྭའི་བོད་སྐྱོར་ལས་བྱེད་པ་ལི་ལེང་ནི་ཧོ་པེའི་ས་གཞི་ཆེན་པོ་ནས་ཡོང་བ་ཞིག་རེད། 2022ལོའི་ཟླ་7པར་ཁོང་གིས་ཧོ་པེའི་བོད་སྐྱོར་རུ་ཁག་དང་མཉམ་དུ་གནོང་འགྱོད་མེད་པར་ས་མཐོར་ཡོང་།
ལི་ལེང་གིས་ལུས་རྩལ་ཐང་དུ་དགའ་སྤྲོའི་ངང་རྒྱུག་ཤར་གློད་བཞིན་པའི་ཕྲུ་གུ་ཚོར་ལྟ་བཞིན“ང་ཚོས་ད་དུང་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་སྐབས་སུ་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་རྐང་རྩེད་སྤོ་ལོ་དང་། ལན་ཆིའུ་སྤོ་ལོའི་འགྲན་བསྡུར། གསར་བརྗེའི་གླུ་གཞས་འགྲན་བསྡུར་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་དགེ་སློབ་ཚོའི་རིག་གནས་ལ་བློ་ཁ་ཕྱོགས་ཤུགས་དང་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན”ཞེས་བཤད།
གསར་འགོད་པས་མངའ་རིས་ས་ཁུལ་སློབ་གསོ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་མངའ་རིས་ས་ཁུལ་གྱིས་སློབ་གྲྭའི་མི་རིགས་མཐུན་སྒྲིལ་གྱི་ལུས་རྩལ་འགྲན་ཚོགས་ཐེངས་80ལྷག་ཙམ་གཉེར་བ་དང་། འདི་ལོ་ཚུན་དུ་གཞོན་ནུ་ལོ་ཆུང་ལ་ཕྱོགས་པའི་མི་རིགས་མཐུན་སྒྲིལ་གྱི་འགྲེམས་སྟོན་ཐེངས་86གཉེར་བ་རེད།
མི་རིགས་མཐུན་སྒྲིལ་གྱི་ས་བོན་རེ་རེ་བྱིས་པ་ཚོའི་སེམས་ཀྱི་ཀློང་དུ་བཏབ་ནས་བརྗོད་དོན་ཆེན་པོ་རེ་རེ་ཕུགས་འདུན་དུ་འགྱུར་བར་བྱེད་བཞིན་ཡོད།
གཞས་གཏོང་རྒྱུར་དགའ་བའི་ལྷ་བཟང་སྒྲོལ་མ་གཞས་པ་ཞིག་བྱས་ཏེ་མི་རིགས་ཀྱི་རོལ་དབྱངས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་པར་བྱེད་འདོད་ཡོད་པ་དང་། ཀརྨ་དབང་ཕྱུག《ཧོང་ཧེ་ཐོག་ཁང》ཞེས་པའི་སྙན་ངག་ལ་ལྷག་པར་དགའ་ཞིང་། ཁོང་འབྲི་ཆུའི་འགྲམ་གྱི་ཧོང་ཧེ་ཐོག་ཁང་དེ་སྙན་ངག་ནང་བྲིས་པ་ལྟར་ཡོད་མེད་ལ་ལྟ་བར་འགྲོ་འདོད་ཡོད། གཟའ་མཇུག་ཏུ་སླེབས་རིམ་བཞིན་པར་རྒྱག་པར་འགྲོ་བའི་ཅི་ཞུའེ་ལན་ནི་པར་རྒྱག་མཁན་ཞིག་བྱེད་འདོད་ཡོད་པ་དང་། སླད་ཕྱིན་པར་རིས་ཐོག་ནས་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་ཟིན་ཐོར་འགོད་རྩིས་ཡོད་པ་རེད།