དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཁ་བའི་ལྗོངས་སུ་རེ་བའི་ས་བོན་བཏབ། སློབ་གསོའི་འབྲས་བཟང་ས་མཐོའི་གང་སར་ཁྱབ།

    བོད་ཀྱི་དགེ་རྒན་གྱི་སློབ་གཉེར་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-13

    འདི་ལོའི་ཟླ་9ཚེས་10ཉིན་ནི་དགེ་རྒན་དུས་ཆེན་ཐེངས་40པ་ཡིན་ཞིང་། སྔོན་ཐོན་གྱི་འདུ་ཤེས་ཟབ་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་བོད་སྐྱོར་དགེ་རྒན་དང་། སློབ་གྲྭ་ཐོན་ནས་ཕུགས་འདུན་གྱིས་ཁེངས་པའི་ཞིབ་འཇུག་སློབ་མའི་སློབ་གསོའི་རོགས་སྐྱོར་ཚོགས་པ། ས་མཐོར་གཞི་ཚུགས་པའི་ཡུལ་དེ་གའི་དགེ་རྒན་ལ་སོགས་བོད་ཀྱི་དགེ་རྒན་ཚོས་རང་ཉིད་ཀྱི་དུས་ཆེན་བསུས། ཁོང་ཚོས་ས་མཐོར་དཔུང་པ་མཉམ་གཤིབ་ཀྱིས་བློ་གྲོས་དང་སྤྲོ་སེམས་ལ་བརྟེན་ནས་སློབ་མ་ཚོར་ཡངས་པའི་གནམ་ས་བཏོད་ཡོད་ལ་སློབ་མ་ཚོས་ཀྱང་བཀའ་དྲིན་དག་ཚོར་བཞིན་མཆིས།

    བོད་སྐྱོར་དགེ་རྒན། རེ་ཞུ་ལྟར་བོད་དུ་འོང་ནས་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་བ།

    པེ་ཅིང་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཁག་10པའི་དགེ་རྒན་ཆན་ཀྲི་ཧྭ་ཡིས་ནག་པང་སྟེང་ངེས་སྲོལ་ཁག་གཉིས་བྲིས་པ་དང་ཁོང་གིས་ན་ནིང་རང་འགུལ་ངང་སློབ་གྲྭར་རེ་ཞུ་ཕུལ་ནས་ལྷ་སར་འོང་། སློབ་གྲྭའི་རྒན་རབས་པ་ཚོའི་ཁ་ཏ་བསླབ་བྱ་སེམས་དབུས་སུ་བཅངས་བཞིན་དུ་ངེས་སྲོལ་དེ་གཉིས་སློབ་མ་ཚོས་གོ་ཐུབ་པའི་གཏམ་རྒྱུད་དུ་བསྒྱུར་ཏེ་ལས་ཞོར་སྐབས་ཕྲུ་གུ་རེ་རེ་བཞིན་ལ་ཨང་རྩིས་སློབ་ཁྲིད་བྱས་པ་དང་ས་མཐོ་མི་འཕྲོད་པར་མ་འཛེམས་པར་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་དང་འབྲོང་པ་སོགས་རྫོང་དུ་སློབ་ཁྲིད་བྱེད་པར་བསྐྱོད་ཅིང་། ཚེས་10ཉིན་ཁོང་ལ་ལྷ་ས་གྲོང་ཁྱེར་གྱི་ཕུལ་བྱུང་སློབ་གསོའི་བོད་སྐྱོར་ཤེས་ལྡན་པའི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

    2016ལོར“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལས་དོན་སྤེལ་འགོ་བཙུགས་ཚུན། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་རིམ་རྩིས་བརྒྱབ་ན་སློབ་གསོའི་བོད་སྐྱོར་ཤེས་ལྡན་པ་མི་ཐེངས་2100ལྷག་ཙམ་བཏང་སྟེ། ཚོགས་སྒྲིག་རྣམ་པའི་ཐོག་ནས་བོད་ཀྱི་སློབ་གྲྭ་འབྲིང་ཆུང་21ལ་ཁ་གཏད་རོགས་སྐྱོར་བྱས་ཡོད།

    འདི་ལོ་ནི་ཆན་ཀྲི་ཧྭ་ཡིས་བོད་སྐྱོར་དགེ་རྒན་བྱས་པའི་ལོ་གཉིས་པ་དེ་རེད། སློབ་ཚན་གྲོལ་རྗེས་སློབ་མ་ནོར་བུ་དྲི་མེད་ཀྱིས་འཛིན་གྲྭ་ཡོངས་ཀྱི་ཚབ་བྱས་ཏེ“རྒན་ལགས་ཁྱེད་རང་པེ་ཅིང་དུ་ལོག་མ་ཕེབས་ན་འགྲིག་གམ”ཞེས་དྲིས།

    “དེ་ལས་ཕྲུ་གུ་ཚོས་ང་རང་ལ་དགའ་པོ་ཡོད་པ་གསལ་པོ་ཤེས་ཐུབ”སློབ་མས་དེ་ལྟར་བཤད་སྟབས་ཆན་ཀྲི་ཧྭ་སེམས་འགུལ་ཆེན་པོ་ཐེབས། ཁོང་གིས་ཤེས་ཡོན་དང་རྩལ་ནུས་ལ་བརྟེན་ནས་ལས་གནས་ཐོག་གྲུབ་འབྲས་ཐོབ་པ་བྱ་རྒྱུ་དེ་བོད་སྐྱོར་དགེ་རྒན་གྱི་ལས་འགན་རེད་ཅེས་བཤད།

    ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པ། ལང་ཚོ་དང་འགྲོགས་ནས་ཕུགས་འདུན་དོན་དུ་གཉེར་བ།

    ཚེས་6ཉིན་ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པའི་འཛིན་གྲྭ་དང་པོའི་སློབ་མ་གསར་པ་1100ལྷག་ཙམ་གྱིས་གཅིག་རྗེས་གཉིས་མཐུད་ངང་ཕ་ཡུལ་བོད་བྱང་ཐང་གི་ནག་ཆུ་ནས་སློབ་གྲྭར་འབྱོར་ཐོ་འགོད་པར་འོང་། སློབ་མ་གསར་པ་དང་ཁྱིམ་བདག་ཚོས་རྡོག་ཁྲེས་ཆེ་ཆུང་སྣ་ཚོགས་ཁྱེར་ནས་འབྱོར་ཐོ་འགོད་སར་དཔྱད་ཡིག་སྤྲོད་པ་དང་འཚོ་བའི་མཁོ་ཆས་ལེན་པར་བྲེལ།

    སློབ་མ་གསར་པ་བསུ་མཁན་གྱི་དགེ་རྒན་དཔུང་ཁག་ཁྲོད་དུ་གཞོན་ནུ་ཁག་གཅིག་ཡོད་པ་དེ་དག་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སྐབས་26པའི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པ་ཡིན་ཞིང་། ཁོངས་མི་ལྔ་པོ་ད་ལྟ་སློབ་གྲྭ་ཐོན་མ་ཐག་ཡིན་པ་དང་ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པའི་ལོ་རིམ་དང་པོའི་ཨང་རྩིས་དང་། དབྱིན་ཡིག སྐྱེ་དངོས། རོལ་དབྱངས་སོགས་སློབ་ཁྲིད་ཀྱི་ལས་འགན་འཁུར་མུས་རེད།

    “གཅེན་པོ་དང་གཅེན་མོ་ཚོས་སློབ་མས་རང་ཉིད་ཀྱི་རྩལ་ནུས་ངོམ་འདོད་རུང་བློ་ཁོག་འདང་གི་མེད་པས་སྐུལ་མ་མང་ཙམ་གཏོང་དགོས”རོལ་དབྱངས་དགེ་རྒན་ཧོའུ་ཡུས་ཧང་གིས་སྔ་ས་ནས་ལོ་དེ་སྔའི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཁོངས་མིར་དོ་སྣང་བྱེད་དགོས་པའི་དོན་ཚན་འདྲི་རྩད་བྱས་པ་དང་འབྲེལ་རང་ཉིད་ཀྱི་སློབ་ཁྲིད་འཆར་གཞི་ཞིག་བཟོས་ཡོད། “ནག་ཆུའི་སློབ་མར་རོལ་དབྱངས་ཐད་ཀྱི་སྐྱེ་སྟོབས་ཤེས་རབ་ཆེན་པོ་ལྡན་པ་དང་ཁོང་ཚོ་སྲོལ་རྒྱུན་གྱི་མི་རིགས་གླུ་དབྱངས་དང་དེང་དུས་གླུ་གཞས་ལ་དགའ་པོ་ཡོད། ངས་ཁོང་ཚོར་རོལ་དབྱངས་ཀྱི་ཤེས་བྱ་དེ་བས་མང་བ་བསླབ་འདོད་ཡོད”ཅེས་བཤད།

    “མཐོ་རིམ་ལོ་རིམ་གཉིས་པ་དང་གསུམ་པ་སྔ་སྣུར་དུ་སློབ་འགོ་ཚུགས་ཡོད། ང་ཚོས་ས་མཐོའི་ཁོར་ཡུག་དང་བསྟུན་གིན་སློབ་ཚན་ཉན་པ་དང་། ཚབ་ཁྲིད། སློབ་གསོ་ཞིབ་འཇུག་བཅས་དང་དེ་བཞིན་རྒན་རབས་ཚོར་བཀའ་འདྲི་ཞུས་ནས་ལས་སྒོའི་འཇོན་ཐང་འཕེལ་བ་བྱེད་ཀྱི་ཡོད” དབྱང་ཝུན་ཏིས“ཉིན་ཤས་རིང་སློབ་ཁང་དུ་འགྲོ་སྐབས་འཛིན་གྲྭ་ཚང་མས་དགེ་རྒན་དུས་ཆེན་གྱི་བརྗོད་བྱའི་ནག་པང་ཚགས་པར་བཏོན་འདུག་ལ། ད་དུང་སློབ་མ་ལ་ལས་རང་ཉིད་ཀྱིས་བཟོས་པའི་ཤོག་བྱང་སྟེང་ཐུགས་རྗེ་ཆེ་མཚོན་པའི་སྐད་ཆ་མང་པོ་བྲིས་ཏེ་སྤྲད་བྱུང་། ངས་འབད་བརྩོན་ལྷོད་མེད་བྱས་ཏེ་སློབ་མའི་ཡིད་ཆེས་དང་དགའ་ཞེན་ཆུད་ཟོས་སུ་མི་འགྲོ་བ་བྱེད་ཀྱི་ཡིན”ཞེས་བཤད།

    ཡུལ་དེའི་དགེ་རྒན། ས་མཐོར་གཞི་ཚུགས་ཏེ་གདམ་གར་ངོ་གནོང་མི་དགོས་པ།

    “གྲུང་ཤ་དོད་པའི་ཕྲུ་གུ་ཆུང་ཆུང་ཚོས་དགའ་མཆོང་རྒྱག་གིན་ངེད་ཚོའི་ཕྱོགས་སུ་རྒྱུག་འོང་པ་མཐོང་སྐབས་ཉིན་གང་གི་ལས་བྲེལ་འགོ་ཚུགས”

    ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་སློབ་ཆུང་སློབ་འགོ་ཚུགས་པ་དང་སྦྲགས་སློབ་སྤྱི་གཞོན་པ་ཙེང་ཅེས་ཕྱོགས་གཅིག་ནས་ཀུན་སྤྱོད་སློབ་གསོའི་ཁག་བགོས་དོ་དམ་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ལོ་རིམ་དང་པོའི་རྒྱ་ཡིག་དང་ལོ་རིམ་གསུམ་པའི་རོལ་དབྱངས་སློབ་ཁྲིད་བྱེད་པས་ལས་བྲེལ་ཤིན་ཏུ་ཆེ།

    ཙེང་ཅེ་ནི་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་དགེ་སློབ་ལས་བཟོ་ཁྲི་9ལྷག་ཙམ་ཁྲོད་ཀྱི་གྲས་ཤིག་རེད།

    ཕ་མ་གཉིས་ལས་སྒྱུར་བྱས་པས་སི་ཁྲོན་ཙེ་ཀོང་ནས་ཡིན་པའི་ཁོང་བོད་དུ་དམའ་རིམ་སློབ་འབྲིང་འགྲིམས་པར་འོང་། 2013ལོར་ལྷ་ས་དགེ་འོས་སློབ་གྲྭའི་མཐོ་རིམ་ཆེད་ཚན་སློབ་གྲྭ་ནས་ཐོན་རྗེས་སྨན་གླིང་དུ་སླེབས་པ་དང་ཐོག་མར་གནས་ལུང་ཤང་དུ་དགེ་རྒན་བྱས། ཁོང་གིས་ཕྲུ་གྲུ་འཚུབ་པོའི་རྨ་ཁ་བཅོས་རོགས་བྱེད་མྱོང་བ་དང་འབྲོག་ཁུལ་གྱི་བུ་མོ་ཚོར་བུ་མོའི་སྤྱོད་ཆས་སྤྱོད་སྟངས་བསླབས་མྱོང་བས་ཕྲུ་གུ་ཚོས་ཀྱང་ཙེང་ཅེ་གཅེན་མོ་ལྟ་བུར་བརྩིས་ཏེ་འཚེར་སྣང་མེད་པར་སྙིང་གཏམ་ཤོད་ཀྱི་ཡོད།

    དགེ་རྒན་དུས་ཆེན་གྱི་སྔ་ནུབ་ཏུ་སློབ་གྲྭ་ཐོན་ཟིན་པའི་སློབ་མ་མི་ཉུང་བ་ཞིག་གིས་ཁོང་དང་འབྲེལ་བ་བྱས་ཤིང་། སློབ་མ་ཚོ་ས་མཐོ་ནས་ཐོན་ཏེ་མིག་རྒྱང་རིང་དུ་ཕྱིན་པ་མ་ཟད། ཕ་ཡུལ་འཛུགས་སྐྲུན་གྱི་སེམས་ཤུགས་ཆེན་པོ་ཡོད་པ་ཤེས་འཕྲལ་དགའ་ཚོར་ཆེན་པོ་སྐྱེས། སློབ་ཆེན་འགྲིམ་བཞིན་པའི་ཕྲུ་གུ་ཚོས་རང་ཉིད་ཀྱི་མཐོང་ཐོས་དང་། འཚོ་བ། ཕུགས་བསམ་བཅས་ཀྱི་སྐོར་མ་གསང་ལྷུག་པོར་གླེང་བ་མཐོང་སྐབས་ཙེང་ཅེར་སྤོབས་སེམས་ཆེན་པོ་སྐྱེས་པ་དང་ཁོང་གིས“སློབ་མ་ཚོ་མཐོང་རིམ་བཞིན་ལས་རིགས་འདིར་དེ་བས་དགའ་ཞེན་ཆེ་རུ་འགྲོ་གི་འདུག་ལ། རང་ཉིད་ཀྱི་གདམ་གར་གནོང་འགྱོད་གཏན་ནས་མིན་འདུག”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།