དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་ཀྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་འཐབ་ཧུར་ཐག་བྱེད་ཀྱི་ཡིན།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-13

    ཟླ་9ཚེས་9དང་10ཉིན། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་རེད། རང་ལྗོངས་ཀྱི་སློབ་གསོའི་ལས་དོན་པས་འཕྲལ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པ་རེད། ཚང་མས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་འཚོགས་པ་དེས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། རྒྱང་ལམ་གསར་པར་བློ་བརྟན་འགྱུར་མེད་ངང་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་ཡག་པོ་བྱེད་པ་དང་། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། འཆད་སྟེགས་ཐོག་འབད་འབུངས་ལྷོད་མེད་བྱེད་པ། བློ་རྩེ་གཅིག་སྒྲིམ་གྱིས་དཔེ་ཁྲིད་མི་སྐྱོང་བཅས་བྱས་ནས། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱ་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    དགེ་རྒན་ནི་སློབ་གསོ་གཉེར་བའི་རྩ་བ་དང་སློབ་གསོ་དར་བའི་འབྱུང་ཁུངས་ཡིན། “སྤྱི་ཁྱབ་ཧྲུའུ་ཅིས་དགེ་རྒན་གྱི་ཆབ་སྲིད་ཀྱི་གནས་བབ་དང་། སྤྱི་ཚོགས་ཀྱི་གནས་བབ། ལས་རིགས་ཀྱི་གནས་བབ་བཅས་མཐོ་རུ་བཏང་ནས་དགེ་རྒན་གྱི་ཐོབ་ཐང་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་དགེ་རྒན་གྱི་ལས་རིགས་ཀྱི་ལ་རྒྱ་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ། དགེ་རྒན་ལ་བླ་ན་མེད་པའི་སྤྱི་ཚོགས་ཀྱི་སྙན་གྲགས་ལྡན་པ་དང་དགེ་རྒན་གྱི་ལས་རིགས་དེ་སྤྱི་ཚོགས་ཀྱིས་བརྩི་བཀུར་ཆེ་ཤོས་ཐོབ་པའི་ལས་རིགས་ཀྱི་གྲས་ཤིག་ཏུ་འགྱུར་བར་བྱེད་དགོས་ཞེས་གསུངས་པས་ངའི་ཧུར་སེམས་ཆེ་རུ་ཕྱིན་སོང”ཞེས་ནག་ཆུ་གྲོང་ཁྱེར་སོག་རྫོང་སློབ་འབྲིང་དང་པོའི་ལས་གནས་ཐོག་སླེབས་མ་ཐག་པའི་དབྱིན་ཡིག་དགེ་རྒན་རིན་ཆེན་མཚོ་མོས་བརྗོད་ཅིང་། ཁོང་གིས“ངས་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་སེམས་ནུས་ཡོད་རྒུས་སློབ་ཁྲིད་ལས་ལ་གཞོལ་བ་དང་། བརྩེ་བ་ཟབ་མོས་སློབ་མའི་དགོས་མཁོ་ཤེས་རྟོགས་བྱེད་པ། གསོན་ཉམས་དང་སྤྲོ་སྣང་ལྡན་པའི་སྒོ་ནས་སློབ་ཚན་ཁྲིད་དེ་སློབ་མ་ཚོས་དབྱིན་ཡིག་སློབ་ཚན་ལ་དགའ་པོ་བྱེད་པའི་སྤྲོ་སྣང་འཕེལ་བར་བྱ་རྒྱུ་ཡིན”ཞེས་བརྗོད།

    རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན་དང་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཆ་ཚང་སློབ་ཆུང་གི་དགེ་རྒན་པ་སངས་སྒྲོལ་མས། གཞི་རིམ་གྱི་དགེ་རྒན་ཞིག་ཡིན་པའི་ངོས་ནས་ཕྲག་ཐོག་གི་འགན་འཁྲི་དང་ལས་འགན་གསལ་པོ་ཤེས་ཀྱི་ཡོད། སླད་ཕྱིན་ཚད་གཞི་དེ་བས་མཐོ་བའི་ཐོག་ནས་རང་ཉིད་ལ་བླང་བྱ་འདོན་པ་དང་རང་ཉིད་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་བ་དང་། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ཆེད་འགན་འཁྲི་འཁུར་སེམས་དང་བྱས་རྗེས་དེ་བས་ཆེ་བ་མངོན་པར་བྱ་རྒྱུ་ཡིན་ཞེས་བརྗོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བློ་སྦྱོང་བསླབ་སྐྱོང་བྱས་ནས་དུས་རབས་གསར་པའི་མི་བཟང་གསོ་སྐྱོང་གི་འདུ་འགོད་ལག་བསྟར་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

    ལྷ་ས་གྲོང་ཁྱེར་དུ་སྡོད་མཁན་ཏུང་ཝུན་ཅེ་ནི་ཕྲུ་གུ་གཉིས་ཀྱི་པ་ཕ་ཡིན། ཁོང་གིས“མི་ཞིག་ལ་དགེ་རྒན་ཡག་པོ་ཞིག་འཕྲད་ན་དེ་ནི་མི་ཚེ་གཅིག་གི་བསོད་ནམས་རེད། སློབ་གྲྭ་ཞིག་ལ་དགེ་རྒན་ཡག་པོ་ཞིག་རག་ན་དེ་ནི་སློབ་གྲྭ་དེའི་གཟི་བརྗིད་རེད། ངའི་ཕྲུ་གུས་བརྒྱུད་རིམ་ལྡན་ལ་ཚན་རིག་དང་མཐུན་པའི་སློབ་གསོ་དང་ལེན་བྱས་པ་བརྒྱུད་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཐུབ་སྟེ་འབྱུང་འགྱུར་རྒྱལ་ཁབ་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་ཐོགས་པའི་ཤེས་ལྡན་པ་ཞིག་ཆགས་པའི་རེ་བ་ཡོད”ཅེས་གསར་འགོད་པར་བརྗོད་བྱུང་།

    བོད་ལྗོངས་སློབ་ཆེན་སྲིད་ཁྲིམས་སློབ་གླིང་གི་དགེ་རྒན་ལིའུ་ཡན་ཧུའེ་ཡིས། སློབ་གསོར་བཅངས་པའི་སྤྲོ་སེམས་དང་སློབ་མར་བཅངས་པའི་བརྩེ་བ་མུ་མཐུད་རྒྱུན་བརྐྱངས་ཏེ་དགེ་སློབ་ཀྱི་འབྲེལ་བ་ཡག་པོ་འཛུགས་པ་དང་། སློབ་མ་འཚར་ལོངས་ཡོང་བ་དམིགས་ཚད་གཙོ་བོར་འཛིན་པ། རང་ཉིད་ཀྱི་སློབ་ཁྲིད་བྱེད་ཐབས་དང་ཤེས་བྱ་རྒྱུན་མཐུད་གསར་བརྗེ་བཅས་བྱས་ནས། སློབ་མར་མར་ཁེ་སི་རིང་ལུགས་ཀྱི་དད་མོས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་གདེང་ཚོད་བཅས་བརྟན་དུ་གཏོང་བར་སློབ་གསོ་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཕུགས་འདུན་ཆེན་པོ་འཛུགས་པ་དང་འགན་འཁྲི་འཁུར་ཕོད་པའི་འབད་འཐབ་པ་ཞིག་བྱ་རྒྱུ་ཡིན་ཞེས་བརྗོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་གསོའི་སྤྱི་པའི་ཞབས་ཞུའི་ཀུན་ཕན་རང་བཞིན་དང་། ཁྱབ་ནུས་རང་བཞིན། སྟབས་བདེའི་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་ལས་དེ་བས་དྲང་གཞག་ངང་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱེད་དགོས། ས་ཁོངས་ཀྱི་སློབ་གསོའི་ཐོན་ཁུངས་བགོ་སྒྲིག་ལེགས་སྒྱུར་དང་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས། སློབ་གྲྭའི་དབར། ཚོགས་པ་བཅས་ཀྱི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་དགོས།

    འདི་ལོ་ནི་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་ལོ་ཞིག་ཡིན། ཉེ་བའི་ལོ་ཤས་རིང“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ་དང་བསྟུན་ནས་རང་ལྗོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་ཁྲིད་དང་། དོ་དམ་བྱེད་ཐབས། སློབ་གསོའི་འདུ་ཤེས་བཅས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་ནས་སློབ་མའི་ཕྱོགས་གང་ཅིའི་ཐད་ཀྱི་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    ཆིང་ཏའོ་ཡི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་། བསམ་གྲུབ་རྩེ་ཆུས་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ། ཆིང་ཏའོ་སློབ་ཆུང་ཏང་ཀྲི་པུའི་ཧྲུའུ་ཅི་བཅས་ཡིན་པའི་ཀྲོའུ་ཅེས་སློབ་གསོ་ནི་དམངས་འཚོ་ཆེ་ཤོས་ཡིན་པས་སློབ་གསོ་ཡག་པོ་གཉེར་བ་ནི་དོར་ཐབས་མེད་པའི་ལས་འགན་རེད། ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། སློབ་གསོའི“གཉིས་ཡང”གི་ཁྲོད་དུ་ཚན་རིག་དང་མཐུན་པའི་སློབ་གསོ་སྣོན་པའི་ཐབས་ཤེས་ཡག་པོ་སྤྱོད་པ། སློབ་ཁྲིད་བྱ་གཞིར་སྣེ་ཁྲིད་དང་། སློབ་ཚན་འཛུགས་སྐྱོང་། བྱེད་སྒོ་སྤེལ་བ། འགྲན་བསྡུར་གྱི་ལས་སྟེགས་གཏོད་པ། ཚན་རིག་དང་མཐུན་པའི་ངང་དགེ་རྒན་གསོ་སྦྱོང་། ལོ་ཆུང་ཚན་རིག་ཁང་འཛུགས་སྐྱོང་སོགས་མཐའ་འཁྱོངས་བྱེད་པའི་ཐད་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཚན་རིག་བྱང་ཚད་མཐོ་རུ་གཏོང་དགོས། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་དབར་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། འབྲེལ་འདྲིས་གཏིང་ཟབ་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་བོད་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བོད་སྐྱོར་གྱི་སྟོབས་ཤུགས་མུ་མཐུད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།