དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • རང་ལྗོངས་ཀྱི་ས་གནས་ཁག་གིས་དགེ་རྒན་དུས་ཆེན་ཐེངས་40པར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-12

    ཟླ་9ཚེས་10ཉིན་གྱི་ཕྱི་དྲོར། བོད་ལྗོངས་སློབ་ཆེན་གྱིས་རྔ་ཆེན་སློབ་ཁུལ་གྱི་གཉིས་གཏོད་བྱེད་སྒོ་ལྟེ་གནས་སུ་དགེ་རྒན་དུས་ཆེན་ཐེངས་40པའི་གཟེངས་བསྟོད་ཚོགས་ཆེན་དང་2024ལོའི་སློབ་མ་གསར་པའི་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། འདི་ནི་ཕུལ་བྱུང་དགེ་རྒན་ལ་གཟེངས་བསྟོད་བྱེད་པ།

    ཟླ་9ཚེས་8ཉིན་གྱི་དགོང་མོར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་དགེ་རྒན་དུས་ཆེན་གྱི་རིག་རྩལ་དགོང་ཚོགས་འཚོགས་ནས་སློབ་གསོའི་འཐབ་ཕྱོགས་དང་པོར་འབད་འབུངས་བྱེད་མཁན་དགེ་རྒན་ཚོར་བླ་ན་མེད་པའི་གུས་འདུད་ཞུས་ཤིང་། འདི་ནི་རིག་རྩལ་དགོང་ཚོགས་འཚོག་ཡུལ་ཡིན་པ།

    སྟོན་ཟླ་དགུ་པར་འབྲས་བཟང་སྨིན། སློབ་སྒོ་འགྲིམས་པའི་དུས་ཚིགས་འཆར། ཟླ་9ཚེས་10ཉིན་དགེ་རྒན་དུས་ཆེན་ཐེངས་40པ་བསུས་ཤིང་། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་གིས་རྟེན་འབྲེལ་བྱེད་སྒོ་སྣ་ཚོགས་སྤེལ་ནས་སློབ་གསོའི་འཐབ་ཕྱོགས་སུ་དཀའ་སྤྱད་ལས་ལ་གཞོལ་མཁན་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།

    ཟླ་9ཚེས་8ཉིན། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་སློབ་གསོ་ཅུས་ཀྱིས་དགེ་རྒན་ཡོངས་སྒྲིག་འཛུགས་བྱས་ནས་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང“དགེ་རྒན་གྱི་ཀུན་སྤྱོད་དར་སྤེལ་གཏོང་། དགེ་རྒན་གྱི་བླ་སྲོག་ལེགས་པར་གཏོད”ཅེས་པའི་གཏམ་བཤད་འགྲན་བསྡུར་བྱས་པ་རེད། འགྲན་ཞུགས་དགེ་རྒན་ཚོས་བབ་ཆགས་པའི་སྐད་ཆ་དང་ཟོལ་མེད་ཀྱི་བརྩེ་སེམས་ཐོག་ནས་སློབ་མ་དང་འབྲེལ་འདྲིས་བྱེད་པའི་བརྒྱུད་རིམ་དང་བསམ་ཚུལ་སོགས་ཕྱོགས་མི་འདྲ་བའི་ཐད་ནས་སློབ་གསོའི་ཐོག་མའི་བསམ་འདུན་གྱི་མྱོང་ཚོར་ཟབ་མོ་ལྷུག་པོར་གླེང་སྟེ། མི་བཟང་གསོ་སྐྱོང་གི་གཞི་རྩའི་ལས་འགན་དོན་འཁྱོལ་དང་དུས་རབས་གསར་པའི་དགེ་རྒན་ཡག་པོ་ཞིག་བྱེད་པའི་དད་སེམས་བརྟན་པོ་མཚོན་པར་བྱས་པ་རེད།

    དགེ་རྒན་དུས་ཆེན་འཆར་མཚམས་སུ་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གིས“སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། བྱེད་སྒོར་ཞུགས་མཁན་དགེ་རྒན་ཚོས་མི་བཟང་གསོ་སྐྱོང་གི་དགོས་གཏུག་གི་བསམ་པ་དང་། འགན་འཁྲི་འཁུར་སེམས། ལས་འགན་སྒྲུབ་སེམས་བཅས་སྔར་བས་ཆེ་རུ་གཏོང་བ་དང་ལས་སྒོའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་བྱང་ཚད་མཐོ་བ་དང་། ཆེད་ལས་ཅན། གསར་གཏོད་ཅན་བཅས་ཀྱི་དགེ་རྒན་ཞིག་ཏུ་ཧུར་ཐག་འགྱུར་བར་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྤྱོད་ཡོན་གཉིས་ལྡན་དང་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    ཚེས་10ཉིན་གྱི་ཕྱི་དྲོར། བོད་ལྗོངས་སློབ་ཆེན་གྱིས་རྔ་ཆེན་སློབ་ཁུལ་གྱི་གཉིས་གཏོད་བྱེད་སྒོ་ལྟེ་གནས་སུ་དགེ་རྒན་དུས་ཆེན་ཐེངས་40པའི་གཟེངས་བསྟོད་ཚོགས་ཆེན་དང་2024ལོའི་སློབ་མ་གསར་པའི་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། བྱེད་སྒོ་དགའ་སྤྲོ་འཁོལ་བའི་གླུ་གར་ཁྲོད་འགོ་ཚུགས་པ་དང་ཚོགས་རའི་ནང་དར་དམར་ལྷབ་ལྷུབ་ཏུ་གཡོ་ཞིང་རྣམ་པ་འཁྲུག་ཆ་དོད་ལ་བརྗིད་ཉམས་ལྡན་པ་ཞིག་ཡོད། 2024ལོའི་སློབ་མ་གསར་པ་དང་། སློབ་གྲྭའི་ཚན་པ་ཁག་གི་འགན་འཁུར་བ་གཙོ་བོ། གཟེངས་བསྟོད་ཐོབ་པའི་དགེ་སློབ་ཀྱི་འཐུས་མི་སོགས་ཁྱོན་དགེ་སློབ་3300ལྷག་ཙམ་མཉམ་འཛོམས་ཀྱིས་ཐུན་མོང་ཐོག་གལ་ཆེའི་དུས་སྐབས་དེར་དཔང་པོ་བྱས་པ་རེད།

    ནག་ཆུ་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་གསོའི་སྤུས་ཚད་མཐོར་གཏོང་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་ཁྲོད་ཐོབ་པའི་དགའ་འོས་པའི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པར་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་ཆེད། ཟླ་9ཚེས་8ཉིན། ནག་ཆུ་གྲོང་ཁྱེར་གྱིས་དགེ་རྒན་དུས་ཆེན་ཐེངས་40པར་རྟེན་འབྲེལ་ཞུ་བ་དང་སློབ་གསོའི་སྤུས་ཚད་མཐོར་གཏོང་བྱ་སྤྱོད་ཀྱི་གཟེངས་བསྟོད་ཚོགས་ཆེན་སྐབས་ལྔ་པ་འཚོགས་ནས་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་ཕུལ་བྱུང་དགེ་རྒན་དང་། ཕུལ་བྱུང་བོད་སྐྱོར་དགེ་རྒན། འཛིན་གྲྭའི་ཀྲུའུ་རེན་བཟང་པོ། དགེ་རྒན་ཀུན་སྤྱོད་ཀྱི་དཔེ་དམག གྲོང་གསེབ་ཀྱི་དགེ་རྒན་ཡག་ཤོས། ཕུལ་བྱུང་སློབ་གསོའི་ལས་དོན་པ་སོགས་དགེ་རྒན་316ལ་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་སྤྲད་པ་དང་འབྲེལ། མཉམ་སྡེབ་107དང་དགེ་རྒན་70ལ་སྐབས་ལྔ་པའི་ནག་ཆུ་གྲོང་ཁྱེར་གྱི་སློབ་གསོའི་སྤུས་ཚད་མཐོར་གཏོང་བྱ་སྤྱོད་ཀྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཡང་སྤྲད་པ་རེད།

    དགེ་རྒན་གསར་པ་དག་གིས་ཐོག་མར་ལས་ལ་ཞུགས་པའི་དུས་ནས་ཡིད་སྨོན་གྱིས་ཁེངས་བཞིན་མེས་རྒྱལ་གྱི་ས་བབ་མཐོ་ཤོས་དང་སློབ་གསོའི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆ་འདིར་ཡོང་བ་ཡིན། དེ་སྔ“ཐག་རིང་ཤོས་མངའ་རིས་དང་དཀའ་ཚེགས་ཆེ་ཤོས་ནག་ཆུ་རེད”ཅེས་ཐོས་མྱོང་ཡོད་མོད། འོན་ཀྱང་ལེ་དབར་ཁྲི་ཡི་བྱང་ཐང་དུ་དངོས་སུ་སྐྱོད་སྐབས་དཀའ་སྡུག་དང་ངལ་དུབ་ཀྱི་སྣང་བ་མི་འདུག དུས་ཀྱི་འཁོར་རྒྱུན་ཁྲོད་ས་ཆ་དེ་ག་དང་། སློབ་མ་དེ་དག ས་ཆ་དེ་གར་སློབ་གསོའི་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན་གྱི་ལས་རོགས་ཚོ་བཅས་ལ་དེ་བས་དགའ་པོ་བྱུང་སོང་། དགའ་ཞེན་ནི་སློབ་གསོའི་འགོ་འཛུགས་ས་ཡིན་པས་སློབ་གྲྭ་ཐོན་རྗེས་སློབ་གསོའི་ལས་དོན་ནང་ཞུགས་རྒྱུའི་དད་སེམས་དེ་བས་བརྟན་དུ་ཕྱིན་ཡོད། སླད་ཕྱིན་སྔར་བས་སྤྲོ་སེམས་དང་དཔའ་ངར་ཆེར་སྐྱེད་ཀྱི་སེམས་ཤུགས་ཐོག་ནས་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་ཀའི་ཁྲོད་ཞུགས་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད།

    ཀུན་སྤྱོད་བཟང་བ་དང་། ལས་སྒོ་བྱང་ཆུབ་པ། ལས་གཅེས་ལས་བཀུར་བཅས་ཀྱི་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་སློབ་གསོའི་ལས་དོན་པར་གཟེངས་བསྟོད་བྱེད་པ་དང་ཆབས་ཅིག་ཏུ་འདས་ཟིན་པར་ཕྱོགས་སྡོམ་དང་ཕྱིན་ཆད་ཀྱི་ལས་དོན་ཇུས་འགོད་བྱ་ཆེད། ཚེས་10ཉིན་བོད་ལྗོངས་ལས་རིགས་ལག་ཤེས་སློབ་གླིང་གིས་དགེ་རྒན་དུས་ཆེན་གྱི་རྟེན་འབྲེལ་གཟེངས་བསྟོད་ཚོགས་ཆེན་དང་། བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བ་དང་སློབ་གྲྭ་བཙུགས་ཚུན་གྱི་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་སྤེལ་བ་རེད། གཞན་ཡང་བོད་ལྗོངས་ལས་རིགས་ལག་ཤེས་སློབ་གླིང་གིས་ད་དུང་དགེ་རྒན་དུས་ཆེན་གྱི་རིག་རྩལ་དགོང་ཚོགས་འཚོགས་པ་རེད།

    ལོ་བརྒྱའི་ཇུས་ཆེན་འགོད་པར་སློབ་གསོ་རྩ་བར་འཛིན་དགོས་པ་དང་། སློབ་གསོའི་ཇུས་ཆེན་འགོད་པར་དགེ་རྒན་རྩ་བར་འཛིན་དགོས། ཚེས་10ཉིན་གྱི་སྔ་དྲོར་བོད་ལྗོངས་མི་རིགས་སློབ་ཆེན་གྱི་དགེ་རྒན་དང་ལས་བཟོ་སྡོད་སའི་ཐོག་ཁང་དུ་གློག་སྐས་བསྒར་བའི་རྣམ་གྲངས་རྩིས་སྤྲོད་མཛད་སྒོ་ཞན་དབྱང་དུ་འཚོགས་པ་དང་། དེ་ལས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་དགེ་རྒན་དང་ལས་བཟོས“སྐས་ཀ་འཛེག་པའི་དུས་རབས”མཇུག་འགྲིལ་བ་མཚོན། རྣམ་གྲངས་འཛུགས་སྐྲུན་ནང་ཁྱོན་ཐོག་བརྩེགས་ཁང་པ་13དང་གློག་སྐས་50ཡོད་པ་དང་། དེ་དག་དུད་ཚང་584དང་མི་2000ཙམ་ལ་འབྲེལ་བ་ཡོད་པ་རེད།

    ཐོག་ཁང་དུ་གློག་སྐས་བསྒར་བའི་རྣམ་གྲངས་དངོས་སུ་རྩིས་སྤྲད་པ་དང་ཆབས་ཅིག་དགེ་རྒན་དང་ལས་བཟོའི་སྡོད་ཁང་གི་ཆ་རྐྱེན་དང་འཚོ་བའི་སྤུས་ཚད་ཀྱང་ལེགས་སུ་ཕྱིན་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ཐོག་ཁང་ཉེ་འཁོར་གྱི་ཁོར་ཡུག་ལེགས་གཏོང་དང་སྒྱུར་བཀོད་རྣམ་གྲངས་ལག་བསྟར་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་དགེ་རྒན་དང་ལས་བཟོའི་འཚོ་བ་དང་ལས་ཀའི་ཁོར་ཡུག་དེ་བས་སྐྱིད་པོ་ཡོང་བར་བྱས་ཏེ་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལ་བདེ་འཇགས་དང་། སྐྱིད་སྣང་དོད་པ། ཞི་མཐུན་བཅས་ཀྱི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་ཁོར་ཡུག་ཅིག་ཧུར་ཐག་གཏོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།