རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན་མཚམས་གཅོད་སྒྲོལ་དཀར།
འཆད་སྟེགས་ཆུང་ངུར་སློབ་མ་ཁྲི་སྟོང་མང་པོ་བསྐྱངས་པ།
མཚམས་གཅོད་སྒྲོལ་དཀར་ནི་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གྲོང་མདའ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་ཨང་རྩིས་དགེ་རྒན་ཞིག་ཡིན་པ་དང་། དགེ་རྒན་བྱས་ནས་ལོ་13རིང་། སློབ་གསོ་སློབ་ཁྲིད་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་ཀྱིས་ཐོག་མཐའ་བར་གསུམ་དུ་སློབ་ཁྲིད་མི་སྐྱོང་བྱ་རྒྱུ་དེ་རང་འགན་གཙོ་བོར་བརྩིས་ཏེ་ལྷག་བསམ་རྣམ་དག་ངང་སློབ་གསོའི་བྱ་གཞག་ཐད་ལེགས་སྐྱེས་ཕུལ་བས། དགེ་སློབ་དང་། ཁྱིམ་བདག སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་ཅིང་། སྔ་རྗེས་སུ་སྣང་རྫོང་གི“ངང་འཕུར་བྱ་དགའི”ཕུལ་བྱུང་དགེ་རྒན་དང་། ཉིང་ཁྲི་གྲོང་ཁྱེར་གྱི“གྲོང་གསེབ་ཀྱི་དགེ་རྒན་ཡག་ཤོས” “ཉིང་ཁྲི་གྲོང་ཁྱེར་གྱི་རྐང་འཛིན་དགེ་རྒན”བཅས་ཀྱི་མཚན་སྙན་ཐོབ་པ་མ་ཟད། ཉེ་ཆར་ཁོང་ད་དུང“རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན”ལ་བདམས་པ་རེད།
མཚམས་གཅོད་སྒྲོལ་དཀར་གྱིས་དགེ་རྒན་ཞིག་ཡིན་པའི་ངོས་ནས་སློབ་མ་ཚང་མར་གཅེས་སེམས་ཟབ་མོ་བཅངས་ནས་ཁོང་ཚོ་འཇོན་ཐང་ཅན་ཞིག་ཏུ་འགྱུར་བའི་གོ་སྐབས་སྐྲུན་དགོས་པ་ནི་གལ་ཆེ་ཤོས་ཤིག་ཡིན་པ་གསལ་པོར་ཤེས་ཀྱི་ཡོད། ཁོང་གིས་སློབ་ཁྲིད་ནན་ཏན་བྱས་པ་མ་ཟད། འཚོ་བའི་ཁྲོད་སློབ་མར་གཅེས་སྐྱོང་བྱས་ནས་སློབ་མ་དང་བློ་སེམས་གཅིག་མཐུན་གྱིས་སྤེལ་རེས་བྱས་ཏེ་བརྩེ་བ་དང་ངང་རྒྱུད་རིང་པོར་བརྟེན་ནས་སློབ་མ་མང་པོའི་བློ་སྒོ་ཕྱེ་ཡོད་པས་སློབ་མ་ཚང་མའི་སེམས་གཏད་སར་གྱུར་ཡོད།
ན་ནིང་འཛིན་གྲྭའི་སློབ་མ་ཞིག་སློབ་ཚན་ཚོགས་སྐབས་གློ་བུར་དུ་ནད་ཀྱིས་མནར་ནས་བཙོག་གཅིན་སྒོམ་མ་ཐུབ་པར་ཤོར་བས་མཚམས་གཅོད་སྒྲོལ་དཀར་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རང་ཉིད་ཀྱི་སྟོད་གོས་སློབ་མར་གཡོགས་པ་མ་ཟད། གྱོན་གོས་བརྗེ་རོགས་བྱས། དེ་ནས་སློབ་མ་གཞན་དག་མུ་མཐུད་སློབ་ཚན་ཡག་པོ་འཚོག་རྒྱུའི་སེམས་གསོ་བཏང་བ་རེད། བྱ་སྤྱོད་དེ་དག་ལས་སློབ་མ་ཚོས་དགེ་རྒན་གྱི་བྱམས་བརྩེའི་ཐུགས་ཁུར་ཟབ་མོ་ཚོར་ཐུབ་པ་བྱུང་ཡོད།
མཚམས་གཅོད་སྒྲོལ་དཀར་གྱིས་སློབ་སྦྱོང་ཐད་དཀའ་ངལ་ཡོད་པའི་སློབ་མའི་འཚར་ལོངས་ཐད་དམིགས་སུ་བཀར་ནས་དོ་ཁུར་བྱས་ཏེ་ཡིད་ཆེས་ཀྱི་འཛུམ་མདངས་དང་བསྔགས་བརྗོད་ཀྱི་ཐོག་ནས་ཁོང་ཚོར་སྐུལ་ལྕག་བྱས་པར་བརྟེན་སློབ་མ་ཚང་མས་ཁོང་གི་སློབ་ཚན་ལ་ལན་ཧུར་ཐག་འདེབས་ཀྱི་ཡོད། མཚམས་གཅོད་སྒྲོལ་དཀར་གྱིས་སློབ་གསོ་ནི་སློབ་མ་ཡོངས་ལ་ཕྱོགས་པས་ཚང་མར་འདྲ་མཉམ་གྱི་དོ་ཁུར་དང་གཅེས་སྐྱོང་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
སློབ་གསོའི་ཆེད་དུ་འཚོ་བ་དང་སློབ་གསོར་སེམས་ནུས་ཡོད་རྒུ་འབུལ་བ་ནི་ལས་རོགས་ཚོས་མཚམས་གཅོད་སྒྲོལ་དཀར་ལ་གདེང་འཇོག་བྱས་པ་ཞིག་རེད། མཚམས་གཅོད་སྒྲོལ་དཀར་གྱིས་སློབ་གསོའི་ལས་ལ་འཕྲལ་སེལ་སླ་བཅོས་སྤུ་ཙམ་ཡང་མི་བྱེད་པར་ཉིན་ལྟར་རྟག་ཏུ་སྤྲོ་སེམས་དང་འགན་སེམས་ཆེན་པོས་ལས་ལ་གཞོལ་གྱི་ཡོད། ཨང་རྩིས་སློབ་དཔྱོད་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་ཁུར་ཚུན། ཁོང་གིས་ཚོགས་ཆུང་ཡོངས་ཀྱི་དགེ་རྒན་གྱི་སྣེ་ཁྲིད་དེ་སློབ་ཚན་གསར་པ་སྒྱུར་བཅོས་བྱེད་པའི་ཐད་བགྲོ་གླེང་ཧུར་ཐག་བྱས་ཁར་སློབ་ཁྲིད་བྱེད་ཐབས་གསར་གཏོད་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
ཁོང་གི་སྣེ་ཁྲིད་འོག་གྲོང་མདའ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་ཨང་རྩིས་སྦྱངས་འབྲས་རྫོང་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་ཨང་རྩིས་དགེ་རྒན་གྱི་རིག་ཚན་རྐྱང་པའི་སྦྱངས་འབྲས་ཀྱང་རྫོང་ཡོངས་ཀྱི་ཨང་གསུམ་པ་ནས་ཆག་མྱོང་མེད། མཚམས་གཅོད་སྒྲོལ་དཀར་ནི་སློབ་ཁྲིད་འཇོན་ཐང་ཅན་ཕུལ་བྱུང་ཞིག་ཡིན་པ་མ་ཟད། སེམས་རྩ་འཁོལ་བའི་སློབ་དཔོན་ཞིག་ཀྱང་རེད། ཁོང་གིས་སློབ་ཁུལ་རིམ་པའི་སློབ་ཚན་གསར་པ་སྒྱུར་བཅོས་ཞིབ་འཇུག་ཚོགས་ཆུང་གི་ཚོད་ལྟའི་ལས་འགན་ཧུར་ཐག་ཁུར་ནས་རིག་ཚན་གྱི་སྣེ་ཁྲིད་པའི་འཇོན་ཐང་བཏོན་པ་དང་། སེམས་རྩ་འཁོལ་པོས་ན་གཞོན་དགེ་རྒན་ལ་མཛུབ་ཁྲིད་བྱས་པ། རྒྱུན་དུ་སློབ་ཚན་ཉན་པ་དང་དཔྱད་བསྡུར་བྱས་ནས་ན་གཞོན་དགེ་རྒན་ལ་མཛུབ་ཁྲིད་བྱེད་རོགས་བྱས་པས་ན་གཞོན་དགེ་རྒན་གྱི་སློབ་ཁྲིད་འཇོན་ཐང་དང་སློབ་ཁྲིད་སྦྱངས་འབྲས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་རེད།
མཚམས་གཅོད་སྒྲོལ་དཀར་གྱིས་རང་ཉིད་ཀྱི་སེམས་བཟང་དང་། སྙིང་རྗེ། འགན་འཁྲི་འཁུར་སེམས་བཅས་ལ་བརྟེན་ནས་སློབ་མ་མང་པོ་ཞིག་གསོ་སྐྱོང་བྱས་པ་མ་ཟད། སློབ་མ་ཚོས་བརྩི་བཀུར་ཆེ་ཤོས་བྱེད་པའི་དགེ་རྒན་ལ་གྱུར་ཡོད། སློབ་གྲྭ་དེ་ནས་ཐོན་ཟིན་པའི་སློབ་མ་དབྱངས་ཅན་ཚེ་རིང་གིས་མཚམས་གཅོད་སྒྲོལ་དཀར་ལ་བསྐུར་བའི་འཕྲིན་ཡིག་ནང“རྒན་ལགས། སློབ་གྲྭ་འགྲིམ་རིང་ཁྱེད་དང་འཕྲད་པ་ནི་ངའི་བསོད་ནམས་ཆེ་ཤོས་ཡིན། ཁྱེད་ཀྱི་ས་ནས་ཤེས་ཡོན་བདུད་རྩི་ལེན་ཐུབ་པ་མ་ཟད། ད་དུང་མཛའ་མཐུན་དང་། ཡིད་རྟོན། ནན་ཏན། བློ་བརྟན་འགྱུར་མེད་བཅས་ཀྱི་གཤིས་བཟང་ཡང་འཇགས་བྱུང”ཞེས་བྲིས་ཡོད་པ་རེད།
མཚམས་གཅོད་སྒྲོལ་དཀར་གྱི་སེམས་སུ་སློབ་གསོ་ནི་མི་ཚེའི་དོན་སྙིང་གཏོད་པ་དང་གཞན་ལ་དྲོ་སྐྱིད་སྦྱིན་པའི་ལས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གི་གཅེས་སེམས་དང་། ཡིད་ཆེས། ཞིབ་ཚགས། ངང་རྒྱུད་རིང་པོ་བཅས་ཀྱི་གཤིས་བཟང་ཕྲུ་གུ་ཚོའི་སེམས་སུ་འཇགས་ནས་འབད་བརྩོན་བྱེད་མཁན་དང་རང་དོན་རྒྱབ་སྐྱུར་བྱེད་མཁན་ཞིག་ཏུ་དངོས་སུ་གྱུར་ཡོད། ཁོང་གི་གཏམ་རྒྱུད་ལས་སློབ་གསོའི་ལས་དོན་པ་དེ་བས་མང་བ་གཞི་རིམ་དུ་གཞི་ཚུགས་པ་དང་ལང་ཚོ་སྐྱེས་སུ་ཕུལ་ནས་སློབ་གསོའི་བྱ་གཞག་ལ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་ལྕག་སྐུལ་བྱེད་བཞིན་ཡོད་པ་རེད།