དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།>སློབ་གསོའི་དཔྱད་རྩོམ།
  • བུ་བཅོལ་ཁང་སློབ་མའི་བློ་སྒོ་འབྱེད་ཐབས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བཀྲ་གཡང   |     སྤེལ་དུས།  2024-09-04

    བུ་བཅོལ་ཁང་གི་སློབ་མ་ནི་གསར་དུ་བཞད་པའི་མེ་ཏོག་དང་འདྲ་སྟེ། ན་ཚོད་སྨིན་སྒང་དང་རིག་སྟོབས་རྒྱས་པའི་དུས་སྐབས་ཡིན་པས། བློ་སྒོ་འབྱེད་པའི་ཐབས་སུ་རིག་རྩལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། དེ་བས། གནའ་དེང་ཟུང་སྦྲེལ་གྱིས་སློབ་མའི་ན་ཚོད་དང་འཚམ་པའི་གཏམ་བཤད་དང་རི་མོ། གླུ་གར། ལུས་རྩལ་བཅས་ཀྱི་བྱེད་སྒོའི་རྣམ་གྲངས་མང་གང་སྤེལ་ཏེ། སློབ་མའི་བློ་སྒོ་འབྱེད་པ་སྟེ་སྐྱེ་སྟོབས་ཀྱི་ཤེས་རབ་འཕེལ་བར་བྱེད་དགོས།

    དང་པོ། གཏམ་བཤད་ལས་བསྐྱེད་པའི་སྙིང་སྟོབས།

    སློབ་མར་ན་ཚོད་དང་འཚམ་པའི་གཏམ་བཤད་སྤེལ་དུ་འཇུག་པ་ནི་སློབ་མའི་སྙིང་སྟོབས་སྐྱེད་སྲིང་དང་ཉམས་མྱོང་རྒྱུད་ལ་འཕེལ་བའི་ཐབས་ལམ་ལེགས་པོ་ཞིག་རེད། དེ་ཡང་། སློབ་ཁང་ནང་དུ་རང་ཉིད་ངོ་སྤྲོད་བྱེད་པའི་བྱེད་སྒོ་ཆུང་ངུ་ནས་འགོ་བརྩམས་ཏེ། གཟའ་འཁོར་རེ་རེའི་རྒྱལ་དར་འོག་གི་གཏམ་བཤད་དང་རིག་རྩལ་བྱེད་སྒོའི་ཁྲོད་ཀྱི་གཏམ་བཤད། དེ་བཞིན་དུས་ཆེན་གང་རུང་སྐབས་ཀྱི་གཙོ་སྐྱོང་བ་སོགས་ལ་བརྟེན་ནས་སློབ་མར་གཏམ་བཤད་བྱེད་པའི་གོ་སྐབས་གང་མང་སྐྲུན་དགོས། འཚོ་བ་དངོས་ཀྱི་ནང་དུ་རང་ཉིད་ཀྱིས་ལག་ལེན་བསྟར་བའམ་ཉམས་སུ་བླངས་པ་དག་ལ་ཚོར་བའི་ཆ་ནས་དམིགས་བསལ་དང་བག་ཆགས་ཀྱི་ཆ་ནས་གསལ་པོའམ་བརྟན་པོ་ཡིན་པས། དེ་དང་འབྲེལ་བ་ཡོད་པའི་ཤེས་བྱ་དག་བྱིས་པའི་རྒྱུད་ལ་རང་བཞིན་གྱིས་འཇགས་པ་ཡིན། དེ་བས། བྱེད་སྒོ་གང་ཞིག་ཡིན་ཡང་སློབ་མ་རང་ཉིད་འཚོ་བ་དངོས་ཀྱི་ནང་དུ་ཞུགས་ཏེ་མྱོང་རོལ་དང་ཉམས་ལེན་བྱེད་པ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། མ་ཟད་གཏམ་བཤད་ཀྱི་ནང་དོན་ལ་ཞིབ་ཆ་དང་དགེ་མཚན་ཐོན་དགོས་པ་སྟེ། ངག་ནས་གྱེར་འདོན་བྱེད་བདེ་ཞིང་སློབ་མའི་རྒྱུད་ལ་ཤེས་སླ་བའི་ཚིག་གི་སྦྱོར་བ་སྙན་མོ་བེད་སྤྱོད་བྱེད་དགོས་པ་ལས། ན་ཚོད་དང་མི་འཚམ་ཞིང་ཤེས་ཚད་ལས་བརྒལ་བའི་ནང་དོན་གྱི་རིགས་རྣམས་བཀོལ་བ་ནི་སྤོང་དགོས་པའི་དོན་ཡིན།

    གཉིས་པ། རི་མོ་འབྲི་བ་ལས་བསྐྱེད་པའི་ཤེས་རབ།

    རི་མོའི་སྒྱུ་རྩལ་ནི་ལོ་ཆུང་བྱིས་པའི་རིག་པའི་བློ་སྒོ་འབྱེད་པའི་ཐབས་ལམ་ཉག་ཅིག་དེ་རེད། དེ་ནི་མིག་ཟུང་གིས་ཐད་ཀར་མཐོང་རྒྱུ་ཡོད་ལ་ལག་པ་འགུལ་རྒྱུ་ཡོད་པས་བྱིས་པའི་སྣང་ངོར་མཚར་སྣང་ལྡན་པ་དང་ཡིད་ལ་འཇགས་སླ་བ། བློ་ལ་ངེས་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད། རི་མོའི་སྒྱུ་རྩལ་ལས། རི་ཆུའི་གྲུབ་ཚུལ་དང་སྐྱེ་དངོས་ཀྱི་རྣམ་པ་སོགས་བྲིས་ཏེ་རང་བྱུང་ཁམས་ཀྱི་རྣམ་པ་དང་ཁྱད་ཆོས་ངོས་འཛིན་སོགས་ཀྱིས་ཤེས་རབ་འཕེལ་བར་ནུས་ངེས་ཅན་ཐོན་ཅིང་། དེ་དང་མཐུན་པར། མི་སྣའི་སྣང་བརྙན་དང་སྲོག་ཆགས་ཀྱི་སྣང་བརྙན་སོགས་ལས་ཀྱང་ཤེས་རབ་མང་དུ་འཕེལ་གྱི་ཡོད། ཚད་བཀག་མེད་པའི་རི་མོའི་སྒྱུ་རྩལ་ལས་མངོན་པའི་བསམ་བློ་དང་དེ་ལས་བསྟན་པའི་སྣང་བརྙན་ནི་ལྷད་མེད་པ་ཞིག་ཡིན་པས། དེ་ལ་ལོ་ཆུང་བྱིས་པའི་བློ་སྒོ་འབྱེད་པའི་ལྡེ་མིག་ལྟ་བུའི་ནུས་པ་ལྡན་ཡོད། མ་ཟད། ཚོས་གཞི་སྤེལ་བ་དང་སྦྲགས་ཚོན་མདོག་གི་འགྱུར་བའི་རང་བཞིན་ཡང་ཤེས་པ་སོགས་རི་མོའི་སྒྱུ་རྩལ་ལ་དོ་སྣང་བྱེད་པའི་ཐབས་ལམ་ལས་རི་མོ་འབྲི་འདོད་སྐུལ་སློང་དང་འབྲེལ་ཡོད་ཀྱི་བྱེད་སྒོ་སྤེལ་བ་ནི་བློ་སྒོ་འབྱེད་པའི་ཐབས་མེད་དུ་མི་རུང་བ་ཞིག་རེད།

    གསུམ་པ། གླུ་དང་གར་ལས་བསྐྱེད་པའི་བདེ་སྐྱིད།

    གླུ་དང་གར་གྱི་རིག་གནས་ལ་དགེ་མཚན་མང་པོ་ལྡན་ཡོད་པ་ལས། ལོ་ཆུང་བྱིས་པ་དག་ལ་མཚོན་ན། གླུ་གར་ནི་སྣ་མང་རིག་གནས་ཀྱི་དགའ་ཕྱོགས་དང་སེམས་ཁམས་བདེ་ཐང་ངང་འཚར་ལོངས་ཡོང་བའི་རིག་ཚན་ཞིག་རེད། དེ་ལས། བྱིས་པའི་ལུས་ཀྱི་སྟངས་སྟབས་ཀྱི་ཉམས་འགྱུར་དང་ངོ་གདོང་གི་འཛུམ་མདངས་ཀྱི་སྤྲོ་བ་མངོན་པས། དེས་སྦྱིན་པའི་བདེ་སྐྱིད་ནི་བྱིས་པའི་བློ་ལ་ནམ་ཡང་བརྗེད་པར་དཀའ་བ་ཞིག་ཡིན་པས་མ་འོངས་པའི་སྒྱུ་རྩལ་གྱི་ལམ་བུའི་སྟེང་ཕུགས་བསམ་གྱི་གཤོག་ཟུང་སྐྱོང་བའི་སྔོན་འགྲོ་ལྟ་བུར་གྱུར་ཡོད། དེ་བས། བྱིས་པའི་ན་ཚོད་དང་འཚམ་པའི་གླུ་གར་བདམས་ཏེ་མཛུབ་སྟོན་གྱི་འཆར་གཞི་ངེས་ཅན་བཟོས་ཐོག གླུ་གར་དང་འབྲེལ་བའི་འཆར་ཅན་གྱི་རིག་རྩལ་བྱེད་སྒོ་སྤེལ་བར་འབད་པ་ཧུར་ཐག་བྱེད་དགོས།

    བཞི་པ། ལུས་རྩལ་ལས་བསྐྱེད་པའི་བདེ་ཐང་།

    གཟུགས་གཞི་བདེ་ཐང་ནི་ཡོད་ཚད་ཀྱི་རྩ་བ་དང་སྲོག་ཤིང་ལྟ་བུར་གྱུར་བས་སྐྱེ་བོ་ཡོད་དོ་ཅོག་གིས་བདེ་ཐང་ལ་དོ་སྣང་དང་འབྲེལ་བ་ཡོད་པའི་ཤེས་བྱ་གང་མང་ཉམས་སུ་ལེན་བཞིན་ཡོད། ལྷག་པར་དུ་བྱིས་པའི་བདེ་ཐང་དེ་མི་སྒེར་དང་ཁྱིམ་ཚང་གི་དོ་སྣང་བྱ་ཡུལ་ཙམ་མིན་པར། འཛམ་གླིང་སྤྱི་དང་སྒོས་སུ་རྒྱལ་ཁབ་ཀྱི་ལས་དོན་ཆེས་གལ་འགངས་ཆེ་བ་ཞིག་རེད། དེ་ཡང་། ལོ་ཆུང་བྱིས་པ་ནི་མ་འོངས་པའི་རེ་བ་དང་མེས་རྒྱལ་གྱི་བདག་པོ་ཡིན་པས། ལོ་ཆུང་བྱིས་པའི་བདེ་ཐང་ནི་རྒྱལ་ཁབ་ཀྱི་བདེ་ཐང་ལྟ་བུར་གྱུར་ཡོད། དེར་བརྟེན། སྤྱི་ཚོགས་རིང་ལུགས་ཀྱི་རྒྱུན་འཛིན་པ་གསར་སྐྱེས་ལོ་ཆུང་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བར་ངེད་ཅག་ལ་བླ་ན་མེད་པའི་འགན་འཁྲི་ཡོད་གཤིས། དེ་ཡང་། ལུས་རྩལ་གྱི་དགོས་པ་དང་ཉམས་ལེན་ཟུང་དུ་སྦྲེལ་བའི་ཐབས་ལམ་བེད་སྤྱད་དེ། སློབ་གྲྭའི་ཕྱི་ནང་གང་དུའང་ལུས་རྩལ་ལ་རོལ་བ་དང་ལུས་རྩལ་ལ་དགའ་ཞེན་གྱི་འདུ་ཤེས་ཆགས་པར་འབད་པ་བྱེད་དགོས། མ་ཟད་སློབ་གྲྭའི་ནང་དུ་ཉིན་རེའི་སློབ་གསེང་ལུས་རྩལ་དང་དྲུག་གཅིག་དང་ལུས་རྩལ་འགྲན་ཚོགས་སོགས་འབྲེལ་ཡོད་ཀྱི་དུས་ཚིགས་དམིགས་སུ་བཟུང་ནས། ལོ་ཆུང་བྱིས་པས་ལུས་རྩལ་ལ་འཛིན་པའི་རྣམ་འགྱུར་དང་ལུས་རྩལ་ལ་དགའ་ཞེན་བྱེད་པའི་འདུ་ཤེས་སྐྱེད་སྲིང་བྱེད་པར་བསླབ་བྱ་དང་སློབ་སྟོན་བྱེད་དགོས།

    (སྲིན་པོ་རི་བྱིས་གསོ་ཁང་གཉིས་པ། བཀྲ་གཡང)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།