བྱིས་པའི་རྩོམ་རིག་གིས་སློབ་མའི་ཡ་རབས་ཀུན་སྤྱོད་ཀྱི་ནུས་པ་ སྐྱེད་སྲིང་བྱེད་ཐུབ་པའི་སྐོར་གླེང་བ།
བྱིས་པའི་རྩོམ་རིག་གིས་བོད་སྐད་ཡིག་གི་སློབ་གསོ་སློབ་ཁྲིད་ཁྲོད་གལ་ཆེའི་གནས་བབ་བཟུང་ཡོད་ཅིང་། དེ་ནི་སློབ་མ་རྣམས་ཀྱིས་ཕྱི་རོལ་གྱི་འཇིག་རྟེན་ལ་ཤེས་རྟོགས་བྱེད་པ་དང་ཤེས་རིག་གི་བདུད་རྩི་འཁྱིལ་བའི་རྒྱ་མཚོ་ལྟ་བུ་ཞིག་ཡིན། སློབ་གསོ་སློབ་ཁྲིད་དང་སློབ་ཞོར་དུ་རྒན་ལགས་རྣམས་ཀྱིས་བྱིས་པའི་རྩོམ་རིག་གི་ཕུན་སུམ་ཚོགས་པའི་བརྗོད་བྱ་དང་། སྙན་འཇེབས་ཡིད་དབང་འཕྲོག་པའི་ཚིག་སྦྱོར། དགོད་བྲོ་ལ་གྱ་གྱུའི་བྱུང་རིམ་གྱི་བྱིས་པའི་རྩོམ་རིག་བརྩམས་ཆོས་བེད་སྤྱད་ན་སློབ་མའི་བསམ་བློ་ཀུན་སྤྱོད་ཀྱི་གནས་ཚད་མཐོར་འདེགས་གཏོང་བར་གདུང་འདེགས་ཀ་བ་ལྟ་བུའི་གལ་ཆེའི་ནུས་པ་ཐོན་པར་ངེས།
《བྱིས་པའི་རྩོམ་རིག་བསླབ་གཞི》ལས“བྱིས་པའི་རྩོམ་རིག་གིས་མིའི་རིགས་ཀྱི་ཐུན་མོང་ལ་དབང་བའི་ཆེས་རྨང་གཞིའི་མཛེས་དཔྱོད་དང་དྲང་བདེན། དཔའ་ངར། མཉམ་ལས། གུ་ཡངས་བཅས་ཀྱི་བསམ་བློ་བརྒྱུད་སྒྲོག་བྱེད་སྲིད”ཅེས་བཀོད་པར་གཞིགས་ན་བྱིས་པའི་རྩོམ་རིག་གི་མི་ཆོས་ཀྱི་བླ་མེད་རིན་ཐང་ལ་ཁྱིམ་ཚང་དང་སྤྱི་ཚོགས། སློབ་གྲྭ་སོགས་ཚང་མས་དོ་སྣང་དང་གཙིགས་ཆེན་བྱས་ཏེ་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱེད་དགོས་ཤིང་། བྱིས་པའི་རྩོམ་རིག་གི་ཡང་དག་པའི་བསམ་པའི་རྒྱགས་ཕྱེ་རྣམས་སློབ་གསོ་སློབ་ཁྲིད་ཁྲོད་བེད་སྤྱོད་པ་ནི་དེ་བས་ཀྱང་གལ་འགངས་ཆེ།
དེ་ཡང་སློབ་གསོ་སློབ་ཁྲིད་ཀྱི་ལྟེ་བའི་གནད་དོན་ནི་སློབ་མ་རྣམས་ཇི་ལྟར་གསོ་སྐྱོང་བྱེད་མིན་དེ་ཡིན། འོ་ན་སློབ་མར་ཡང་དག་པའི་ཀུན་སྤྱོད་ཀྱི་སློབ་གསོ་ཇི་ལྟར་གཏོང་དགོས་ཤེ་ན། དེར་ཐབས་ལམ་མི་འདྲ་བ་དུ་མ་ཡོད་ཀྱང་བྱིས་པའི་རྩོམ་རིག་གི་ནང་དོན་བེད་སྤྱད་དེ་སློབ་མར་བུམ་པ་གང་བྱོའི་ཚུལ་གྱིས་ཀུན་སྤྱོད་ཀྱི་སློབ་གསོ་བཏང་ན་ཕན་འབྲས་ཅུང་ཆེ་ཙམ་ཐོན་ངེས་ཡིན་པར་སྙམ། 《སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་བྱེད་ཐབས་དང་སློབ་ཁྲིད་ནུས་རྩལ》ལས། “ཀུན་སྤྱོད་སློབ་གསོ་ནི་ཤིན་ཏུ་ཁྱབ་རྒྱ་ཆེ་ཞིང་གལ་འགངས་ཆེ་བའི་སློབ་གསོ་ཞིག་ཡིན་སྟབས། རྟག་ཏུ་ཀུན་སྤྱོད་སློབ་གསོ་རྒྱག་དགོས་ཀྱི་ཡོད། དེར་ནང་དོན་མང་པོ་ཡོད་དེ། དགེ་རྒན་དང་ཕ་མར་གུས་ཞབས་བྱེད་པ་དང་། སློབ་གྲོགས་ཕན་ཚུན་ལ་རོགས་རམ་བྱེད་པ། གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་བྱས་ཏེ། ཁ་ལུད་སྣ་ལུད་དང་ཤིང་འབྲས་དང་བྱི་རིལ་སོགས་ཀྱི་ཤུན་ལྤགས་གང་བྱུང་དུ་མི་དབྱུགས་པ། བཙོག་གཅིན་གང་བྱུང་དུ་མི་གཏོང་བ། རྩི་ཤིང་མེ་ཏོག་སོགས་ལ་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་གཏོང་དགོས་ཀྱི་ཡོད”ཅེས་གསུངས་པ་ལྟར་དགེ་བའི་བཤེས་གཉེན་རྣམས་ཀྱིས་སློབ་ཁྲིད་ཁྲོད་བྱིས་པའི་རྩོམ་རིག་གི་ནང་དོན་བེད་སྤྱད་དེ་སློབ་མར་ཀུན་སྤྱོད་སློབ་གསོ་གཏོང་དགོས།
དང་པོ། བྱིས་པའི་རྩོམ་རིག་གིས་ཡ་རབས་དྲང་བདེན་དང་ངལ་རྩོལ་ལ་དགའ་བའི་སློབ་མ་ཞིག་གསོ་བར་ཤུགས་རྐྱེན་ཐེབས་ཐུབ།
དུས་རྒྱུན་དུ་ཡ་རབས་དྲང་བདེན་གྱི་སྐྱེ་བོ་ཞིག་བྱེད་པ་ནི་སྤྱི་དམངས་ཤིག་གི་ཆེས་མ་མཐའི་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་ཡིན་པས། ན་ཆུང་གི་སློབ་མ་རྣམས་ལ་ཆུང་བྱིས་པའི་དུས་ནས་ཀུན་སྤྱོད་སློབ་གསོ་གཏོང་དགོས། རྒན་ལགས་རྣམས་ཀྱིས་སློབ་ཁྲིད་དམ་ཡང་ན་སློབ་ཞོར་དུ་བྱིས་པའི་རྩོམ་རིག་ཁྲོད་ཀྱི་ཡ་རབས་དྲང་བདེན་ཀྱི་མི་སྣའི་སྣང་བརྙན་དང་། དྲང་བདེན་གྱི་མཛེས་དཔྱོད་རིན་ཐང་ལྡན་པའི་བརྗོད་བྱ་དེ་དག་སློབ་མ་རྣམས་ཀྱིས་ཤེས་སུ་བཅུག་ནས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཡ་རབས་དྲང་བདེན་གྱི་མི་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་དགོས།
ཝང་ཏོའོ་ཅུན་གྱིས་རྩོམ་སྒྲིག་བྱས་པའི《སློབ་གསོ་རིག་པ》ལས། “སློབ་གྲྭའི་ནང་ངལ་རྩོལ་ལག་རྩལ་སྐོར་གྱི་སློབ་གསོ་གཏོང་བ་ནི། སློབ་མའི་སྒེར་གཤིས་དེ་ཕྱོགས་ཡོང་ནས་འཕེལ་རྒྱས་གཏོང་བའི་དགོས་མཁོར་དམིགས་པ་ཞིག་ཡིན”ཞེས་ན་ཆུང་སློབ་མར་ཆུང་དུས་ནས“དཀའ་བའི་ལས་ཞིག་མ་བྱས་ན།། ཞིམ་པའི་ཟས་ཤིག་མི་ཐོབ་པའི”སློབ་གསོ་གཏོང་དགོས་པ་དང་། དུས་རྒྱུན་ངལ་རྩོལ་ལ་དགའ་བའི་སློབ་མ་ཞིག་བྱེད་དགོས་པའི་སློབ་གསོ་གཏོང་བ་དང་ཆབས་ཅིག སློབ་ཁང་སློབ་ཁྲིད་དང་སློབ་ཞོར་དུ་བྱིས་པའི་རྩོམ་རིག་གི་ཕུལ་བྱུང་གི་བརྩམས་ཆོས་དེ་དག་ཀློག་པའམ་འཐུས་ཚབ་རང་བཞིན་གྱི་རྩོམ་ཡིག་གི་ནང་དོན་བེད་སྤྱད་དེ་སློབ་མ་རྣམས་ལ་ཆུང་དུས་ནས་ལེ་ལོ་དང་སྒྱིད་ལུག་སྤངས་ནས་རང་གི་ལག་གཉིས་ལ་བརྟེན་ཏེ་ངལ་རྩོལ་ལ་དགའ་ཞེན་དང་དཀའ་སྤྱད་སྡུག་རུས་ཀྱི་གོམས་གཤིས་བཟང་པོ་ཞིག་འཇགས་པར་སློབ་གསོ་གཏོང་དགོས། དཔེར་ན། སློབ་ཆུང་ལོ་རིམ་གཉིས་པའི《སྐད་ཡིག》བསླབ་གཞིའི(སྟོད་ཆ)《སེང་ཕྲུག་གཉིས》ཞེས་པའི་སློབ་ཚན་དུ“སེང་གེ་ཨ་མར་སེང་ཕྲུག་གཉིས་ཡོད། སེང་ཕྲུག་གཅིག་གིས་ཉིན་གང་ཧུར་བརྩོན་ཆེན་པོས་མཆོང་རྒྱུག་འཛིན་གསུམ་གྱི་རྩལ་སྦྱོང་བཞིན་ཡོད་པ་དང་། སེང་ཕྲུག་གཞན་པ་དེ་སྒྱིད་ལུག་དང་ལེ་ལོའི་དབང་དུ་སོང་། ཉི་མ་སྲོ་བ་ལས་རྩལ་ཅི་ཡང་སྦྱོང་གི་མེད། ཉིན་ཞིག་སྡོང་ཆུང་གིས་སེང་ཕྲུག་ལ་རྩལ་མི་སྦྱོང་བའི་རྒྱུ་མཚན་དྲིས་པས་ཁོས་ངའི་ཨ་ཕ་དང་ཨ་མ་ནི་ནགས་ཁྲོད་ཀྱི་རྒྱལ་པོ་ཡིན་པས་ང་རྩལ་སྦྱོང་མི་དགོས་ཟེར་བ། སེང་གེ་ཨ་མས་ཐོས་པས་བུ་ཆུང་ལ་རྗེས་སུ་ང་ཚོ་ཤི་ཚེ། ཁྱོད་སུ་ལ་བརྟེན་རྩིས་ཡོད། ཁྱོད་རང་འཚོ་གནས་ཐུབ་པའི་རྩལ་ཞིག་སྦྱོངས་དགོས་ཟེར”བའི་གཏམ་གླེང་ལས། རང་ཉིད་ཀྱི་འཚོ་གནས་ཁོར་ཡུག་ཅི་འདྲ་ཞིག་ཡིན་ནའང་སྒྱིད་ལུག་དང་ལེ་ལོ་རྣམ་གཡེང་སོགས་སྤངས་ཏེ་སློབ་སྦྱོང་ལ་འབད་བརྩོན་དང་ལས་ཀར་དགའ་ཞེན་བྱེད་དགོས་པའི་སློབ་གསོའི་དོན་སྙིང་རྟོགས་ཐུབ།
གཉིས་པ། བྱིས་པའི་རྩོམ་རིག་གིས་རྒན་བཀུར་གཞོན་གཅེས་ཀྱི་སློབ་མ་བཟང་པོ་ཞིག་བྱེད་པར་སྐུལ་མ་གཏོང་ཐུབ།
རྒན་བཀུར་གཞོན་གཅེས་དང་ཕན་ཚུན་བསམ་ཤེས། ཀུན་དང་མཐུན་པ་ནི་མི་ཆོས་ཀྱི་རྩ་བ་ཡིན་ཞིང་། བོད་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཀྱང་ཡིན། བྱིས་པའི་རྩོམ་རིག་ནང་གསོན་ཉམས་ལྡན་ལ་སྣ་མང་ཕུན་སུམ་ཚོགས་པའི་ནང་དོན་ཡོད་དེ། དཔེར་ན། སློབ་ཆུང་ལོ་རིམ་བཞི་པའི《སྐད་ཡིག》བསླབ་གཞིའི(སྨད་ཆ)《མཐུན་པ་སྤུན་བཞི》ཞེས་པའི་སློབ་ཚན་དུ་སྔོན་རྒྱ་གར་གྱི་ཡུལ་ཀ་ཤི་ཀ་མཛེས་ཀ་ཞེས་བྱ་བའི་ནགས་ཚལ་སྟུག་པོའི་ཁྲོད་བྱ་སྲེག་པ་དང་། རི་བོང་། སྤྲེའུ། གླང་ཆེན་མཛའ་མཐུན་གཡོ་བ་མེད་པར་བདེ་བར་འཚོ་ཞིང་གནས་པའི་སྐབས་སུ་ཉིན་ཞིག་ཁོ་ཚོས་རྒན་གཞོན་གྱི་གོ་བབ་ཇི་ལྟར་བྱེད་དགོས་གྲོས་འཆམ། ཁོ་ཚོས་ཤིང་ནྱ་གྲོ་ཏ་མཐོང་མཁན་སྔ་ཕྱིའི་གོ་རིམ་ལྟར་རྒན་གཞོན་ཕྱེ་སྟེ། བཀུར་སྟི་བྱེད་པ་དང་། ཤིན་ཏུ་མཐུན་པར་གནས་པ་མ་ཟད། སྲོག་མི་གཅོད་པ་དང་། གཞན་གྱི་ནོར་མི་འཕྲོག་པ། འདོད་ལོག་མི་སྤྱོད་པ། རྫུན་མི་སྨྲ་བ། ཆང་མི་འཐུང་བ་སོགས་ཀྱི་བྱིས་སྒྲུང་གི་ནང་དོན་དག་གསོན་ཉམས་དོད་པོས་སློབ་མ་ལ་འགྲེལ་བཤད་བྱེད་དགོས་ལ། སློབ་ཁྲིད་ཁྲོད་རྒན་ལགས་རྣམས་ཀྱིས་སློབ་མའི་དོན་དངོས་དང་སྤྱི་ཚོགས་ཀྱི་འཚོ་བར་ཟུང་འབྲེལ་བྱས་ཏེ་ཡ་རབས་ཕྱག་དང་ཞེ་ས་མཁས་པ་དང་། རྒན་བཀུར་གཞོན་གཅེས་ཀྱི་སློབ་མ་བཟང་པོ་ཞིག་བྱེད་དགོས་པའི་གནས་ལུགས་སློབ་མ་ཚོར་སྟོན་དགོས།
མདོར་ན། བསམ་བློའི་ནང་དོན་ཕུན་སུམ་ཚོགས་ལ་སྒྱུ་རྩལ་གྱི་རིན་ཐང་ལྡན་པའི་བྱིས་པའི་རྩོམ་རིག་གིས་ན་ཆུང་སློབ་མ་རྣམས་ཀྱི་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བ་དང་ལག་པ་སྒུལ་བའི་ནུས་པ་སོགས་གསོ་སྐྱོང་ཐུབ་པ་མ་ཟད། སློབ་མར་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ། མཛེས་དཔྱོད་ཀྱི་ལྟ་བ་སོགས་འཛུགས་ཐུབ་བོ།
(ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སྐད་ཡིག་ཚན་ཁག་བོད་ཡིག་སློབ་དཔྱོད་ཁང་གི་ཚེ་རིང་དོན་གྲུབ)