འཛིན་བདག་གིས་ཁྱིམ་ཚང་འཚམས་འདྲིའི་ལས་དོན་ཇི་ལྟར་སྤེལ་དགོས་པའི་སྐོར་གྱི་མྱོང་ཚོར་ཐོར་བུ་གླེང་བ།
ང་ཚོས་སློབ་གསོ་བསྒྱུར་བཅོས་ཀྱི་གོམ་སྟབས་དང་བསྟུན་ནས་ཁྱིམ་ཚང་ལ་འཚམས་འདྲི་བྱེད་པའི་ཐབས་ལམ་ལ་འགྱུར་ལྡོག་གཏོང་དགོས་ལ། ཁྱིམ་ཚང་ལ་འཚམས་འདྲི་བྱེད་པ་དེ་ལམ་ལུགས་ཅན་དང་འཆར་གཞི་ཅན་དུ་འགྱུར་བ་བྱེད་དགོས། དོན་དེ་འཛིན་བདག་གི་ཉིན་རེའི་ལས་ཀའི་གྲོས་རིམ་དུ་འཇུག་དགོས་པ་དང་རྒྱུན་སྤྱོད་ཀྱི་སློབ་གསོའི་བྱ་ཐབས་ཤིག་ཏུ་བརྩི་དགོས། འོ་ན། གྲོང་གསེབ་སློབ་གྲྭའི་འཛིན་བདག་གིས་ཁྱིམ་ཚང་ལ་འཚམས་འདྲིའི་ལས་དོན་ཇི་ལྟར་སྤེལ་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་དང་འཚམས་པ་བྱེད་དགོས་སམ་ཞེ་ན། གཤམ་དུ་རང་ཉིད་ཀྱི་མྱོང་ཚོར་ཅུང་ཟད་གླེང་བ་ལ།
དང་པོ། ཁྱིམ་ཚང་ལ་འཚམས་འདྲི་བྱེད་པའི་ཐབས་ལམ་ལ་འགྱུར་ལྡོག་གཏོང་དགོས།
1.ཁྱིམ་དུ་ངོ་བཅར་བྱེད་པ། འཛིན་བདག་གིས་ཁྱིམ་དུ་འཚམས་འདྲི་ཞུ་བའི་ལས་ཀ་དེ་རྣམ་པ་ཙམ་མིན་པར་དྲང་པོ་དྲང་བཞག་གི་ཐོག་ནས་སློབ་མའི་ཁྱིམ་བདག་དང་འབྲེལ་བ་ཟབ་མོ་འཛུགས་དགོས། ཁྱོན་ཡོངས་ནས་སློབ་མ་སློབ་གྲྭར་སྡོད་པའི་གནས་ཚུལ་ངོ་མ་ཕྱོགས་བསྡོམས་དང་། སློབ་མའི་སེམས་ཁམས་བྱང་ཚད་ལ་བསམ་གཞིགས། ཁྱིམ་བདག་གི་རིག་གནས་བྱང་ཚད་དང་གཤིས་ཀའི་ཁྱད་ཆོས་ཤེས་རྟོགས་བཅས་བྱས་ནས་དུས་ཚོད་འཚམས་ཤོས་ཤིག་བདམས་ཏེ་ཁྱིམ་དུ་ངོ་བཅར་ཞུ་དགོས། ཁྱིམ་བདག་ལ་སློབ་མའི་ཀུན་སྤྱོད་སྐོར་སྙན་སེང་ཞུ་སྐབས་ངེས་པར་དུ་སྐད་ཆའི་སྒྱུ་རྩལ་ལ་དོ་སྣང་བྱེད་དགོས་པ་དང་བདེན་པ་བདེན་ཐུབ་ཀྱིས་སློབ་མར་དཔྱད་འཇོག་དང་དགེ་སྐྱོན་ཚང་མ་ཞུ་དགོས་པ་མ་ཟད། ལེགས་ཆ་གང་མང་བཙལ་ཏེ་ཞུ་བ་དང་ཞན་ཆ་ཡང་ཕྲན་བུ་ཞུ་དགོས་ལ། སློབ་མའི་ཞན་ཆ་ཉུང་ཙམ་ཞུས་ནས་ཁྱིམ་བདག་གིས་བུ་ཕྲུག་ལ་སློབ་གསོ་གཏོང་བའི་ཧུར་སེམས་མི་ཆག་པ་བྱེད་དགོས། ཞན་ཆ་མང་པོ་ཡོད་པའི་སློབ་མའི་ཁྱིམ་ཚང་ལ་འཚམས་འདྲི་ཐེངས་མང་བྱེད་པ་དང་། འཚམས་འདྲི་བྱེད་ཐེངས་རེར་དམིགས་འབེན་རང་བཞིན་གྱི་གནད་དོན་རེ་ཐག་གཅོད་གཏོང་དགོས། དེ་ལྟ་བུའི་ཞུ་བཅར་འཚམས་འདྲིས་དགེ་སློབ་དབར་དང་ཁྱིམ་མི་བུ་ཕྲུག་དབར་བརྩེ་སེམས་བརྗེ་རེས་ཐུབ་སྟེ་སློབ་གསོའི་ཐད་འཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་ཐུབ།
2.ཡིག་ཐོག་ནས་བསམ་ཚུལ་བརྗེ་རེས་བྱེད་པ། ཡིག་ཐོག་ནས་འབྲེལ་བ་བྱེད་པ་ནིའཛིན་བདག་གིས་ཁ་པར་ནས་ཡི་གེ་སྐུར་བའི་ཐོག་ནས་ཁྱིམ་བདག་དང་འབྲེལ་བ་བྱེད་པའི་དམིགས་བསལ་རྣམ་པ་ཞིག་རེད། དེས་སློབ་མའི་ཁྱིམ་བདག་གིས་དུས་ཐོག་ཏུ་རང་གི་བུ་ཕྲུག་གི་སློབ་གྲྭའི་ནང་གི་གནས་ཚུལ་དང་ཁྱིམ་བདག་ནས་སློབ་གྲྭའི་ལས་ཀར་བཏོན་པའི་གྲོས་གཞི་ཤེས་རྟོགས་བྱེད་ཐུབ། ཡིག་ཐོག་ནས་འབྲེལ་བ་བྱ་རྒྱུར་གཅིག་ནས་སློབ་མ་དང་ཁྱིམ་བདག་དབར་ལ་འབྲེལ་གཏུགས་ཤོག་ལྷེ་བཟོ་དགོས་པ་དང་། གཟའ་མཇུག་ཏུ་སློབ་མར་ཁོ་པ་ཚོའི་སློབ་ཞུགས་གནས་ཚུལ་གྱི་འབྲེལ་གཏུགས་ཤོག་ལྷེ་ཁྱིམ་བདག་ལ་བསྐུར་བའམ་ཁ་པར་ནས་བསྐུར་ཏེ་གཟའ་ཟླ་བར་འབྲེལ་གཏུགས་ཤོག་ལྷེ་བསྡུ་བ། གཉིས་ནས་ཕུལ་བྱུང་གི་སྦྱང་འབྲས་ཐོབ་པའི་སློབ་མའམ་ཡང་ན་སློབ་གྲྭའི་ནང་སྒྲིག་ལམ་ཚབས་ཆེན་འགལ་བའི་སློབ་མའི་ཁྱིམ་བདག་ལ་ཡི་གེ་བསྐུར་ནས་ཞིབ་ཕྲའི་སྙན་སེང་ཞུ་དགོས། གསུམ་ནས་སློབ་གྲྭའམ་ཡང་ན་འཛིན་གྲྭས་སྤེལ་བའི་གལ་ཆེའི་སློབ་གསོའི་བྱེད་སྒོ་རྣམས་ཡིག་ཐོག་ནས་ཁྱིམ་བདག་ལ་བརྡ་ཐོ་བཏང་ནས་ཁོ་པ་ཚོའི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པ་བྱེད་དགོས།
3.ཁྱིམ་བདག་གི་ཚོགས་ཆུང་འཚོག་རྒྱུ། ཡུལ་མིའི་འདུས་སྡོད་ཐ་ཐོར་གྱི་ཁྱད་ཆོས་ལ་གཞིགས་ནས་གྲོང་ཚོའམ་ཚོ་ཆུང་ཁག་བགོས་གྱིས་སློབ་མའི་ཁྱིམ་བདག་འདུ་རུབ་བྱས་ཏེ་གྲོང་ཚོའམ་ཚོ་ཆུང་ཉེ་འཁོར་དུ་ཁྱིམ་བདག་གི་ཚོགས་ཆུང་འཚོགས་དགོས། ཚོགས་འདུའི་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་དགོས་པ་དཔེར་ན། གཅིག་ནི་བུ་ཕྲུག་ལ་སློབ་གསོ་གཏོང་བའི་ཐབས་ཤེས་དང་སློབ་གསོའི་ཆ་འཕྲིན་ཁྱིམ་བདག་ལ་བརྒྱུད་སྤྲོད་བྱེད་དགོས་པ་དང་། གཉིས་ནི་ཁྱིམ་བདག་སྒྲིག་འཛུགས་བྱས་ཏེ་བུ་ཕྲུག་ལ་གཅེས་སྐྱོང་དང་སློབ་གསོ་གཏོང་བའི་ཉམས་མྱོང་བཟང་པོ་སྤེལ་རེས་བྱས་ཏེ་སྐྱོན་སྤང་དགེ་སྒྲུབ་བྱེད་དུ་འཇུག་པ། གསུམ་ནི་སློབ་མའི་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ་བཅས་ཕྱོགས་ཚང་མའི་ཐད་ཐོབ་པའི་གྲུབ་འབྲས་ཁྱིམ་བདག་ལ་སྙན་སེང་ཞུ་དགོས་པ་དང་སྦྲགས། སློབ་མའི་ཞན་ཆ་ཡང་འདོན་དགོས་ལ་ངེས་པར་དུ་ཞན་ཆ་ལེགས་བཅོས་བྱེད་པའི་བྱ་ཐབས་འདོན་དགོས་པ། བཞི་ནི་སློབ་གྲྭའི་ནང་དུ་སློབ་མར་ཐོབ་པའི་གྲུབ་འབྲས་དཔེར་ན་སྦྱོང་ཚན་དང་། བརྩམ་བྱ། རི་མོ། གཞས་ཞབས་བྲོ། ལུས་རྩལ་རྣམ་གྲངས་སོགས་ཁྱིམ་བདག་ལ་མངོན་གང་ཐུབ་བྱེད་དགོས་པ། ལྔ་ནི་ཁྱིམ་བདག་གི་ས་ནས་ཕྱོགས་ཀུན་གྱི་ཆ་འཕྲིན་གང་མང་ཤེས་རྟོགས་ཐུབ་པ་བྱེད་དགོས་པ། འཛིན་བདག་དང་ཁྱིམ་བདག་ཕན་ཚུན་གནས་ཚུལ་སྤེལ་རེས་བྱེད་སྐབས་སློབ་གྲྭ་དང་འཛིན་གྲྭའི་ལས་ཀའི་ཐད་ཁྱིམ་བདག་གིས་བཏོན་པའི་ལུགས་མཐུན་གྱི་གྲོས་གཞི་ཉན་འཇོག་གང་མང་བྱེད་དགོས་པ་དང་། ཁོ་པ་ཚོ་དང་མཉམ་དུ་བུ་ཕྲུག་ལ་སློབ་གསོ་གཏོང་བའི་ཐབས་ཇུས་གང་མང་གྲོས་བསྡུར་བྱས་ཏེ་ཐུན་མོང་གི་སློབ་གསོའི་དམིགས་ཡུལ་འགྲུབ་པ་བྱེད་དགོས།
གཉིས་པ། ཁྱིམ་ཚང་ལ་འཚམས་འདྲི་བྱེད་པ་དེ་ལམ་ལུགས་ཅན་དང་འཆར་གཞི་ཅན་དུ་འགྱུར་བ་བྱེད་དགོས།
༡ ཁྱིམ་ཚང་ལ་འཚམས་འདྲི་བྱེད་པ་དེ་ལམ་ལུགས་ཅན་དུ་འགྱུར་བ་བྱེད་དགོས། ཁྱིམ་ཚང་ལ་འཚམས་འདྲི་བྱས་དང་མ་བྱས་ཁྱད་པར་གཏན་ནས་མེད་པ་ཞིག་མིན་པས་སློབ་ཕྲུག་ལ་གནད་དོན་ལྷག་ཚེ་གཞི་ནས་ལག་བསྟར་བྱེད་པ་ཡང་མ་ཡིན། དེ་ནི་འཛིན་བདག་གི་ལས་ཀའི་ནང་མེད་དུ་མི་རུང་བའི་ནང་དོན་ཞིག་ཡིན་དགོས། ཁྱིམ་ལ་འཚམས་འདྲི་བྱེད་པ་དེ་ལམ་ལུགས་ཅན་དུ་འགྱུར་བ་བྱས་ཏེ་ཁྱིམ་ལ་འཚམས་འདྲི་བྱེད་པའི་དམིགས་ཡུལ་དང་། བྱ་ཐབས། ནང་དོན། དུས་ཚོད། ཐེངས་གྲངས་སོགས་གཏན་འཁེལ་བྱེད་དགོས། ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་རྣམ་པ་འདྲ་མིན་བེད་སྤྱོད་བྱ་རྒྱུར་དོ་སྣང་བྱེད་དགོས་པ་དཔེར་ན། ཁྱིམ་ཚང་དང་སློབ་གྲྭའི་དབར་འབྲེལ་གཏུགས་ཤོག་ལྷེ་བཟོ་དགོས་པ་དང་དུས་བཀག་གམ་དུས་ངེས་མེད་ལ་སློབ་མའི་སློབ་གྲྭའི་ནང་གི་གནས་ཚུལ་ཁྱིམ་བདག་ལ་སྙན་སེང་ཞུ་དགོས།
༢ ཁྱིམ་ཚང་ལ་འཚམས་འདྲི་བྱེད་པ་དེ་འཆར་གཞི་ཅན་དུ་འགྱུར་བ་བྱེད་དགོས། ཁྱིམ་ཚང་ལ་འཚམས་འདྲི་བྱེད་པ་དེ་སློབ་གསོ་སློབ་ཁྲིད་ལས་ཀ་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་དགོས་ཤིང་། དེ་ཡང་ཁྱིམ་ཚང་ལ་འཚམས་འདྲི་བྱེད་པ་དེ་དབྱེ་ཞིབ་དང་ཞིབ་འཇུག་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ལས་དོན་སྤེལ་དགོས། དོན་དངོས་ཐོག་ཁྱིམ་ལ་འཚམས་འདྲི་བྱེད་པ་དེ་ལེགས་གྲུབ་ཡོང་དགོས་ན་ངེས་པར་དུ་སྔོན་ལ་ཁྱིམ་བདག་ལ་རྒྱུས་མངའ་ལོན་པར་བྱེད་དགོས། སློབ་མའི་ཁྱིམ་ཚང་གི་གནས་ཚུལ་མི་འདྲ་བ་དང་ཁྱིམ་བདག་གི་བྱང་ཚད་མི་གཅིག་པ་ཡོང་སྲིད་ལ་གཤིས་ཀ་འདྲ་མིན་སྣ་ཚོགས་ཡོད་པས། ཁྱིམ་བདག་དང་འབྲེལ་བ་བྱེད་སྐབས་གལ་ཏེ་གང་བྱུང་དུ་འཚམས་འདྲི་བྱས་ན་ཕན་འབྲས་ཐོན་པ་ནི་ཧ་ཅང་ཁག་པོ་རེད། དེར་བརྟེན། འཛིན་བདག་གིས་ཁྱིམ་ཚང་ལ་འཚམས་འདྲི་མ་བྱས་གོང་འཚམས་འདྲིའི་འཆར་གཞི་འདིང་དགོས། སློབ་མའི་ཁྱིམ་བདག་གིས་ཁྱིམ་དུ་སློབ་ཕྲུག་ལ་སློབ་གསོ་གཏོང་བའི་ཐད་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་མེད་དང་། དེ་བཞིན་ཁྱིམ་བདག་གི་ལས་རིགས་དང་། རིག་གནས་ཆུ་ཚད། གཤིས་ཀ་སོགས་རྒྱུས་མངའ་ལོན་པ་བྱེད་དགོས་ལ་གང་ལ་དེ་འཚམས་ཀྱི་བྱ་ཐབས་སྤྱོད་དགོས། དེ་ལྟར་བྱས་ཚེ་ཁྱིམ་ཚང་ལ་འཚམས་འདྲི་བྱེད་པར་ཕན་འབྲས་ཐོན་སྲིད། ཁོ་བོས་ལོ་མང་རིང་འཛིན་བདག་བྱས་པའི་ཉམས་མྱོང་ལ་གཞིགས་ན་ཁྱིམ་བདག་གིས་བུ་ཕྲུག་ལ་སློབ་གསོ་གཏོང་བའི་ཐབས་ཤེས་ཐད་ཕལ་ཆེར་བྱམས་ཐལ་དུ་ཤོར་བ་དང་། དྲག་ཐལ་དུ་ཕྱིན་པ། སྣང་མེད་དུ་སོང་བ་སོགས་རིགས་མི་འདྲ་བ་དབྱེ་རྒྱུ་ཡོད། འཛིན་བདག་གིས་ཁྱིམ་ལ་འཚམས་འདྲི་བྱེད་སྐབས་གནས་ཚུལ་རིགས་མི་འདྲ་བ་དེ་ཚོར་གཞིགས་ནས་གང་ལ་དེ་བསྟུན་གྱིས་ལས་དོན་སྤེལ་དགོས།
(ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སློབ་འབྲིང་གི་དགེ་རྒན་མཚོ་རྒྱལ)