རིག་དངོས་ཀྱི་ལམ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ར་སྤྲོད་པ།
《ཀྲུང་ཧྭའི་ལམ་བུ། རིག་དངོས་ཁྲོད་ཀྱི་ཀྲུང་གོའི་ལོ་རྒྱུས》ཞེས་པའི་བོད་འགྱུར་མའི་སྐོར་གྱི་བསམ་གཞིག
དང་པོ། 《ཀྲུང་ཧྭའི་ལམ་བུ》ཞེས་པ་ལས་མངོན་པའི་གཅིག་མཐུན་ཚོགས་པའི་འདུ་ཤེས།
རིག་གནས་དང་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་རྒྱལ་ཁབ་ཅིག་གི་ངོས་ནས། བགྲང་བར་མི་དཔོག་པའི་རིག་དངོས་ཤུལ་བཞག་གིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་དུ་འཕགས་པའི་ཤེས་དཔལ་དང་ཞུམ་པ་མེད་པའི་སྙིང་སྟོབས་མཚོན་ཡོད་ལ། རིག་དངོས་དེ་དག་ལ་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྒྱུ་དང་ཁྲག་རྩ་འདུས་ཡོད་པས། དེ་དག་ནི་ཀྲུང་ཧྭའི་ཕུལ་བྱུང་ཤེས་དཔལ་གྱི་ཐོན་ཁུངས་གལ་ཆེན་ཞིག་ཡིན་པ་སྨོས་ཅི་དགོས།
《ཀྲུང་ཧྭའི་ལམ་བུ། རིག་དངོས་ཁྲོད་ཀྱི་ཀྲུང་གོའི་ལོ་རྒྱུས》ཞེས་པའི་དཔེ་ཚོགས་ནང་རིག་དངོས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ལོ་རྒྱུས་མཚོན་ཡོད་སྟབས། ལོ་རྒྱུས་འཕེལ་རིམ་གྱི་ལོ་རབས་སྔ་ཕྱི་ལྟར་ཁྱོན་དེབ་དྲུག་ཏུ་བསྒྲིགས་ཡོད།
དེབ་དང་པོ་ནི། “རྡོ་ཆས་རྙིང་མའི་དུས་རབས་ནས་ཧྲང་རྒྱལ་རབས་ཀྱི་དུས་སྐབས”ཏེ། ཀྲུང་གོའི་ཆེས་སྔ་བའི་ཀེར་ལངས་མི་སྟེ། ལོ་ངོ་ཁྲི་170ཡི་གོང་གི་ཡོན་མོའུ་མིའི་དུས་སྐབས་ནས་འགོ་བརྩམས་ཤིང་། སྤྱི་ལོའི་སྔོན་གྱི་དུས་རབས་11པའི་ཧྲང་རྒྱལ་རབས་ཀྱི་དུས་སྐབས་སུ་མཇུག་འགྲིལ་ཡོད།
དེབ་གཉིས་པ་ནི། “ཀྲའུ་ནུབ་མ་ནས་ཀྲན་གོའི་དུས་སྐབས”ཏེ། སྤྱི་ལོའི་སྔོན་གྱི་དུས་རབས་11པའི་ཀྲའུ་ནུབ་མའི་དུས་སྐབས་ནས་ཀྲན་གོའི་དུས་སྐབས་བར་ཡིན།
དེབ་གསུམ་པ་ནི། “ཆིན་རྒྱལ་རབས་ནས་ལྷོ་བྱང་རྒྱལ་རབས་གཉིས་ཀྱི་དུས་སྐབས”ཏེ། སྤྱི་ལོའི་སྔོན་གྱི་དུས་རབས་3པའི་ཆིན་རྒྱལ་རབས་ནས་སྤྱི་ལོའི་དུས་རབས་6པའི་ལྷོ་བྱང་རྒྱལ་རབས་བར་ཡིན།
དེབ་བཞི་པ་ནི། “སུའེ་རྒྱལ་རབས་ནས་ཐང་རྒྱལ་རབས་ཀྱི་དུས་སྐབས”ཏེ། སྤྱི་ལོའི་དུས་རབས་6པའི་དུས་མཇུག་ནས་དུས་རབས་10པའི་དུས་འགོའི་སུའེ་ཐང་རྒྱལ་རབས་ཀྱི་དུས་སྐབས་བར་ཡིན།
དེབ་ལྔ་པ་ནི། “རྒྱལ་རབས་ལྔ་དང་རྒྱལ་ཁབ་བཅུ་ནས(五代十国)ཡོན་རྒྱལ་རབས་ཀྱི་དུས་སྐབས་བར”ཏེ། སྤྱི་ལོའི་དུས་རབས་10པའི་དུས་འགོ་ནས་དུས་རབས་14པའི་དུས་མཇུག་གི་རྒྱལ་རབས་ལྔའི་སུང་དང་ཡོན་གྱི་དུས་སྐབས་བར་ཡིན།
དེབ་དྲུག་པ་ནི། “མིང་རྒྱལ་རབས་ནས་ཆིང་རྒྱལ་རབས་ཀྱི་དུས་སྐབས”ཏེ། མིང་དང་ཆིང་རྒྱལ་རབས་ཀྱི་དུས་སྐབས་ནས་1911ལོར་མཇུག་རྫོགས་པར་བྱས་ཡོད།
དཔེ་ཚོགས་ནང་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་གི་རིག་དངོས་རྩ་ཆེན་2333དཔང་པོར་བྱས་ཏེ་ལོ་ངོ་ཁྲི་170ཡི་གོང་རོལ་ནས་ཆིང་རྒྱལ་རབས་དུས་མཇུག་བར་གྱི་ཀྲུང་གོའི་ལོ་རྒྱུས་རིག་གནས་ངོ་སྤྲོད་བརྒྱུད། སྔོན་བྱོན་མེས་པོས་ལོ་རྒྱུས་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཆེད་དཀའ་ངལ་སྣ་ཚོགས་ཁྱད་དུ་སད་ནས་རྣམ་དཔྱོད་དང་བློ་གྲོས་སྐྱེས་སུ་ཕུལ་བ་མཚོན་པ་དང་། དེ་བཞིན་ཕྱོགས་དང་ཟུར་མང་པོ་ནས་རྒྱ་ཆེ་ལ་གཏིང་ཟབ་པ་དང་ཕུན་སུམ་ཚོགས་པའི་ཀྲུང་གོའི་ཤེས་དཔལ་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་དག་རིག་དངོས་ཀྱི་ལམ་ནས་བསྟན་ཡོད་ལ། ཀློག་པ་པོར་གནའ་དཔྱད་གཞུང་ལུགས་དང་པར་རིས། ཡི་གེའི་ལམ་ནས་རིག་གཞུང་ཤེས་བྱ་བརྒྱུད་བསྒྲགས་དང་། ལྷག་པར་དུ། ཀྲུང་ཡོན་ས་ཁུལ་གྱི་རིག་དངོས་ཙམ་མ་ཟད། མདོ་དབུས་མཐོ་སྒང་གི་རིག་དངོས་དང་གནའ་ཤུལ་གལ་ཆེན་སྐོར་དེབ་འདིར་བསྡུས་ཡོད།
དེ་ནི་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་གིས་མི་ཤུགས་དང་རྒྱུ་དངོས་འབོར་ཆེན་བཏང་བ་དང་། རིག་དངོས་སྐོར་གྱི་མཁས་དབང་དང་། པར་ལེན་མཁས་པ། དཔེ་དེབ་ཇུས་འགོད་མཁས་ཅན་དུ་མས་ལོ་མང་རིང་བརྩོན་པ་ལྷུར་ལེན་གྱིས་རྩོམ་སྒྲིག་བྱས་པ་ཞིག་ཡིན་ཞིང་། རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རོགས་སྐྱོར་རྣམ་གྲངས་སུ་ཚུད་ཡོད།
གཉིས་པ། བོད་འགྱུར་མའི་བྱུང་རིམ།
འོད་སྟོང་འབར་ཞིང་རིན་ཐང་བྲལ་བའི་གནའ་དེང་ཤེས་རིག་གི་སྐྱེ་སྟོབས་རྒྱུན་ཆད་མེད་པར་དར་འཕེལ་འབྱུང་ཕྱིར། རིག་དངོས་དང་རིག་དངོས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པས། ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་དང་རིག་གནས་རྒྱུན་འཛིན་གྱི་ལོ་རྒྱུས་བྱུང་རིམ་ཁྲོད་ནས་རིག་གནས་ཤུལ་བཞག་གི་ལོ་རྒྱུས་ཀྱི་རིན་ཐང་དང་། སྒྱུ་རྩལ་གྱི་རིན་ཐང་། ཚན་རིག་གི་རིན་ཐང་། དཔལ་འབྱོར་གྱི་རིན་ཐང་། སློབ་གསོའི་རིན་ཐང་བཅས་མངོན་པར་མཚོན་པའི《ཀྲུང་ཧྭའི་ལམ་བུ། རིག་དངོས་ཁྲོད་ཀྱི་ཀྲུང་གོའི་ལོ་རྒྱུས》གླེགས་བམ་ཆེན་པོ་འདི་ཉིད་ཤིན་ཏུ་དམིགས་བསལ་ཞིག་ཏུ་བསམ་ནས་གང་དེའི་བོད་འགྱུར་མ་སྒྱུར་སྒྲིག་གི་བགྱི་བ་ཁུར་དུ་བླངས་པ་ཡིན།
དེ་ཡང་། ལོ་ལྔའི་གོང་པེ་ཅིང་དུ་སློབ་སྦྱོང་གི་གོ་སྐབས་ཤིག་ལ་བརྟེན་ནས། ཀྲའོ་ཧྭ་དཔེ་སྐྲུན་ཁང་གི་དགེ་སྤུན་ཝང་ཐོ་ལགས་ངོ་ཤེས་ཤིང་། དཔེ་སྐྲུན་མཉམ་ལས་སྐོར་གྱི་གླེང་མོལ་ཁྲོད་རིག་དངོས་དཔེ་ཚོགས་འདི་ལ་མཇལ་བའི་གོ་སྐབས་བྱུང་། དེའི་སྤུས་དག་པའི་དེབ་གཞི་དང་། ཕུན་སུམ་ཚོགས་པའི་ནང་དོན། ཞིབ་ཚགས་པའི་རིག་དངོས་གདམ་གསེས། ཉམས་དོད་པའི་པར་རིས། ཁ་གསལ་ཞིང་གནད་ལ་འཁེལ་བའི་འགྲེལ་བཤད་སོགས་ལ་བལྟས་མ་ཐག བོད་ཀྱི་མང་ཚོགས་རྣམས་གནའ་དཔྱད་དང་གནའ་རྫས་སོགས་ཅ་ལག་རྙིང་པར་དགའ་ཡང་། བོད་ཡིག་གི་ལམ་ནས་དེའི་སྐོར་གྱི་སློབ་དེབ་དཀོན་པའི་གནས་བབ་ལ་བསམས་ནས། དཔེ་ཚོགས་འདི་བོད་ཡིག་ཏུ་བསྒྱུར་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པར་མཐོང་ཞིང་། སྲིད་གཞུང་ལ་སྙན་ཞུ་ཕུལ་མཐར་རྣམ་གྲངས་ཀྱི་ཁོངས་སུ་བཅུག་ནས་མ་དངུལ་གྱི་རོགས་སྐྱོར་གནང་།
ལོ་མང་གི་དཔེ་སྐྲུན་བྱ་བའི་ཉམས་མྱོང་ལྟར་ན། རྣམ་གྲངས་ཆེན་པོ་ཞིག་ལེགས་འགྲུབ་ཡོང་བར་ཕྱོགས་དུ་མའི་རམ་འདེགས་དང་ཆེད་ལས་མི་སྣའི་མཉམ་ལས་ནི་ཤིན་ཏུ་གལ་ཆེ་བར་མཐོང་། བོད་འགྱུར་དཔེ་ཚོགས་འདི་ལ་མཚོན་ན། ཆེད་ལས་ལོ་ཙཱ་བ་དང་། སྒྱུར་ཐབས་སྣ་ཁ་མང་ལ་ནང་བྱན་ཆུད་པ། ལག་ལེན་གྱི་ངོས་ནས་ཉམས་མྱོང་ཅན། མ་ཟད་རིག་དངོས་གནའ་དཔྱད་སྐོར་ལ་ཆ་རྒྱུས་ངེས་ཅན་དགོས་སྟབས། ལོ་ཙཱ་བ་དཔྱད་འདེམས་ཡག་པོ་བྱེད་རྒྱུ་ནི་ཧ་ཅང་གནད་འགག་ཆེན་པོ་ཞིག་ཏུ་མཐོང་། སྟབས་ལེགས་པ་ཞིག་ལ། ལོ་ཙཱའི་འབྲེལ་ཡོད་རིམ་ཁག་རྩོམ་སྒྱུར་ཅུས་དང་ཆེད་ལས་མི་སྣའི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཅིང་། བོད་འགྱུར་མཐའ་ཞུས་ཐད་རྒྱལ་ཁབ་རིམ་པའི་ལོ་ཙཱ་མཁས་དབང་དང་། ལྗོངས་རིག་དངོས་ཅུས་ཀྱི་འོས་སྦྱོར་ལྟར་གནའ་དཔྱད་མཁས་དབང་གདན་དྲངས་པས་བོད་འགྱུར་མའི་རྣམ་གྲངས་འདི་ལེགས་གྲུབ་བདེ་བླག་བྱུང་།
གསུམ་པ། རིག་དངོས་དཔེ་ཚོགས་འདིའི་དགེ་མཚན།
རིག་དངོས་ནི་མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་ཀྱི་དཔང་པོ་ལྟ་བུ་ཡིན་པས། དེ་ལ་ལོ་རྒྱུས་དང་། རིག་གནས། སྒྱུ་རྩལ་བཅས་ཀྱི་རིན་ཐང་ངེས་ཅན་འདུས་ཡོད། རིག་དངོས་དཔེ་ཚོགས་འདིའི་དོན་སྙིང་གཙོ་བོ་གཤམ་གྱི་ཕྱོགས་འགའ་ནས་མཚོན་པ་སྟེ།
གཅིག ལོ་རྒྱུས་ཀྱི་བདེན་དཔང་།
རིག་དངོས་རེ་རེའི་ཁོག་ཏུ་ལོ་རྒྱུས་ཀྱི་དྲན་ཤེས་རེ་རེ་སིམ་ཡོད་པས། དེ་ནི་འདས་སོང་དང་ད་ལྟའི་འབྲེལ་ཟམ་གལ་ཆེན་ཞིག་ཏུ་གྱུར་ཡོད། རིག་དངོས་ལ་བརྟེན་ནས་ལོ་རྒྱུས་གསལ་རྟོགས་དང་རིག་གནས་རྒྱུན་འཛིན་བྱེད་ཐུབ། དེས་སྔོན་བྱོན་མེས་པོའི་འཚོ་སྡོད་ཀྱི་གནས་བབ་དང་། ཁོར་ཡུག་གི་གནས་ཚུལ། དཔལ་འབྱོར་གྱི་གྲུབ་སྟངས། ཚན་རྩལ་གྱི་ཆུ་ཚད། དེ་བཞིན་མི་རྣམས་ཀྱི་བསམ་བློའི་འཁྱེར་སོ་དང་། མཛེས་དཔྱོད་ཀྱི་ལྟ་བ། ཆོས་ལུགས་དད་མོས་སོགས་ལ་ངོས་འཛིན་དང་ཤེས་རྟོགས་གང་ལེགས་བྱེད་ཐུབ།
གཉིས། དཔྱད་གཞི་གལ་ཆེན།
རིག་དངོས་རྟོག་ཞིབ་ལས་ར་སྤྲོད་ཐུབ་པའི་རྟེན་རྫས་དག་ལ་དཔལ་འབྱོར་དང་། རིག་གནས། ཚན་རྩལ་སོགས་ཀྱི་ཆ་འཕྲིན་འདུས་ཡོད་པས། རིག་གཞུང་ཚན་ཁག་གཞན་ལ་དངོས་པོའི་རྒྱུ་ཆ་གལ་ཆེན་མཁོ་འདོན་དང་། མིའི་རིགས་ཀྱི་ཤེས་རིག་གོང་དུ་འཕེལ་བར་ཉམས་མྱོང་དང་དཔྱད་གཞི་གལ་ཆེན་མཁོ་འདོན་བྱེད་ཐུབ། དུས་མཚུངས་སུ་རིག་དངོས་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱེད་པར་བརྟེན་ནས་ད་དུང་ལོ་རྒྱུས་ཀྱི་བག་ལ་ཉལ་བའི་དོན་དངོས་བསྐྱར་གསོ་བྱེད་ཐུབ།
གསུམ། རིག་གནས་སྤེལ་རེས།
རིག་དངོས་ལས་གནའ་བོའི་མེས་པོ་ཚོའི་ཚོ་པའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས། རིག་གནས་སྤེལ་རེས་དང་རིགས་རྒྱུད་མཉམ་འདྲེས་ཀྱི་སྣང་ཚུལ་རྟོགས་ཐུབ་པ་དང་། ལོ་རྒྱུས་དང་རིག་གནས་ལ་ངོས་འཛིན་དང་། རིག་གནས་སྐོར་གྱི་ངེས་ཤེས་གསར་པ་འདྲོངས་ཐུབ་ལ། དུས་མཚུངས་སུ་རིག་གནས་མི་འདྲ་བའི་ཐད་ཕན་ཚུན་རྒྱུས་མངའ་ལོན་པ་དང་སྤེལ་རེས་བྱེད་པར་སྐུལ་འདེད་གཏོང་ཐུབ།
བཞི། ཤེས་རིག་རྒྱུན་འཛིན།
རིག་དངོས་ཉར་ཚགས་དང་རྟོག་ཞིབ་ནི་ལོ་རྒྱུས་ཀྱི་རྩད་ཞིབ་དང་རིག་གནས་རྒྱུན་འཛིན་གྱི་རྨང་གཞི་གལ་ཆེན་ཞིག་ཡིན་པ་མ་ཟད། སྲོལ་རྒྱུན་ཕུལ་བྱུང་རིག་གནས་ལ་སྲུང་སྐྱོབ་དང་སྐུལ་འདེད་ཀྱིས་འདས་སོང་གི་ལོ་རྒྱུས་ལ་ཕྱིར་དྲན་དང་། ད་ལྟའི་གནས་བབ་ལ་བསམ་གཞིག སྔར་སོང་གི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ་མ་འོངས་པར་འཆར་འགོད་བྱེད་པ་མ་ཟད། རིག་དངོས་ཀྱི་ནུས་པ་གང་ཡོད་བཏོན་ཏེ་དེང་གི་དངོས་ཡོད་འཚོ་བར་དཔལ་འབྱོར་གྱི་ཆ་རྐྱེན་སྐྲུན་ཐུབ་པ་ཡིན།
ལྔ། སློབ་གསོ་གོ་བསྐོན།
རིག་དངོས་ལ་སློབ་གསོའི་དོན་སྙིང་ལྡན་པ་དང་། རིག་དངོས་བརྒྱུད་ནས་མི་རྣམས་ལ་ལོ་རྒྱུས་ཀྱི་ཤེས་བྱ་དང་། རིག་གནས་ཀྱི་སྲོལ་རྒྱུན། རིན་ཐང་ལྟ་བ་བཅས་བརྒྱུད་སྤྲོད་བྱས་ཏེ་ཡང་དག་པའི་ལོ་རྒྱུས་ལྟ་བ་དང་། རིག་གནས་ཀྱི་ལྟ་བ་དང་མཛེས་དཔྱོད་ལྟ་བ་སོགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་འཆམ་མཐུན་ངང་འཕེལ་རྒྱས་ཡོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རིག་དངོས་ཀྱི་སྟེང་དུ་འོད་སྟོང་འབར་བའི་ཤེས་རིག་ཉར་ཡོད་པ་དང་། ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་། མི་རིགས་སྙིང་སྟོབས་ཀྱི་རྒྱུན་བསྲིངས་ཡོད་པས། དེ་ནི་སྔར་སོང་མེས་པོས་ཕྱི་རབས་པར་བཞག་པའི་ཤུལ་བཞག་རྩ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་འཚོ་བཅུད་གལ་ཆེན་ཞིག་ཀྱང་ཡིན་ཞེས་གསུངས་པ་ལྟར། 《ཀྲུང་ཧྭའི་ལམ་བུ། རིག་དངོས་ཁྲོད་ཀྱི་ཀྲུང་གོའི་ལོ་རྒྱུས》ཞེས་པའི་དཔེ་ཚོགས་ཀྱིས་མེས་པོའི་རྗེས་ཤུལ་བསྐྱར་དྲན་བྱས་ནས་འབྱུང་རྩ་འཚོལ་ཞིབ་དང་། ཀྲུང་ཧྭའི་ལོ་རྒྱུས་རིག་གནས་རྒྱུན་འཛིན། རིག་གནས་ཀྱི་གདེང་ཚོད་འཕེལ་བ་བཅས་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་དང་འཛམ་གླིང་ཤེས་དཔལ་སྤེལ་རེས་ལ་སྐུལ་འདེད་གཏོང་བར་དགེ་མཚན་མི་དམན་པ་བསྣན་ཡོད།
(བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་ཚེ་རིང་རྡོ་རྗེ་དང་ཀུན་དགའ་རབ་རྒྱས)