སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་གིས།
རིན་མེད་ངང་སྐྱ་གྲིབ་དབྱེ་བཤེར་བྱེད་སྒོ་སྤེལ་བ།
ཉེ་ཆར། སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པར་གཞོགས་འདེགས་བྱས་ནས། སྣེ་གདོང་ཆུས་ལྟེ་གནས་སྨན་ཁང་དུ“འོད་སྣང་སྦྱིན་པའི་བྱ་སྤྱོད”ཀྱི་རིན་པ་མི་དགོས་པར་སྐྱ་གྲིབ་དབྱེ་བཤེར་བྱེད་སྒོ་སྤེལ་ནས། རྩེད་ཐང་ཁྲོམ་གཞུང་ཁོངས་གཏོགས་ནང་གི་སྐྱ་གྲིབ་ནད་པ་125ལ་རིན་པ་མི་དགོས་པར་དབྱེ་བཤེར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཚོགས་ཀྱི་སྤྱི་ཕན་བྱེད་སྒོ“འོད་སྣང་སྦྱིན་པའི་བྱ་སྤྱོད”ནི་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པས་སྣེ་ཁྲིད་དེ་ལག་ལེན་བསྟར་བའི་སྤྱི་ཕན་རྣམ་གྲངས་ཤིག་ཡིན་པ་དང་། དེ་སྤེལ་བའི་དམིགས་ཡུལ་ནི་ཆེད་ལས་ཀྱི་སྨན་བཅོས་དབྱེ་བཤེར་དང་གཤགས་བཅོས་སྨན་བཅོས་བརྒྱུད་སྐྱ་གྲིབ་ནད་པར་སླར་ཡང་འོད་སྣང་སྦྱིན་རྒྱུ་དེ་རེད། དེ་དང་ཆབས་ཅིག་རིན་པ་མི་དགོས་པར་གཟི་ལོག་ཡོ་བསྲང་གཤགས་བཅོས་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་འབྲེལ་མིག་གི་བདེ་ཐང་སྲུང་སྐྱོང་ཤེས་བྱ་ཁྱབ་གདལ་བཏང་ནས་སྤྱི་དམངས་ཀྱི་མིག་ལ་བདག་གཅེས་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ཡོད།