དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ནད་པར་ཚེ་སྲོག་གི་འོད་སྣང་སྦྱིན་པ།

    བོད་ནས་ཁྲག་གསོའི་ཕྲ་ཕུང་ཞལ་འདེབས་འབུལ་མཁན་ཨང་17པ་ཅང་ཞང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-31

    ཚ་གདུག་ཆེ་བའི་དབྱར་ཁར། པེ་ཅིང་སྨན་ཁང་ཞིག་གི་ཁྲག་རྒྱུན་ཚན་ཁག་གི་ཁྲག་གསོའི་ཕྲ་ཕུང་ཨ་མ་འཚོལ་བསྡུ་ཁང་དུ་ཁྲག་གསོའི་ཕྲ་ཕུང་ཨ་མ་འཚོལ་ཆས་ནས་སྒྲ་དམའ་མོ་ཞིག་བར་མི་ཆད་པར་གྲགས་བཞིན་ཡོད། ཅང་ཞང་ནད་ཁྲིའི་སྟེང་ཉལ་ནས་ལག་ཏུ་ཤུགས་གནོན་ལྒང་བུ་དམར་པོ་སྙིང་དབྱིབས་ཅན་ཞིག་བཟུང་བ་དེ་ཡང་སེ་མནན་ནས་ཁྲག་འཁོར་རྒྱུག་ཐུབ་ཐབས་བྱེད་ཞོར་ལས་དོན་པས་ཞལ་འདེབས་དང་ལེན་བས་བྲིས་པའི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ཀློག་པར་ཁུ་སིམ་མེར་ཉན་བཞིན་ཡོད།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ཏང་ཡོན་ལས་བྱེད་པ་ཅང་ཞང་གིས་པེ་ཅིང་དུ་ཁྲག་གསོའི་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་རྒྱུ་ལམ་ལྷོངས་བྱུང་ནས་ཁྲག་གསོའི་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་མཁན་ཨང་17པ་དང་། འདི་ལོར་བོད་ཀྱི་ཁྲག་གསོའི་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་མཁན་ཐོག་མར་གྱུར་ཡོད། ཉིན་དེར་ཁོང་གིས་ཞལ་འདེབས་ཕུལ་བའི“ཚེ་སྲོག་གི་ས་བོན”ཏེ་ཁྲག་གསོའི་ཕྲ་ཕུང་ཨ་མ་གནམ་གྲུས་ཐག་རིང་པེ་ཅིང་དུ་ཁྱེར་ནས་ཁྲག་ནད་ཕོག་པའི་ནད་པར་ཚེ་སྲོག་གསར་པ་ཞིག་སྦྱིན་པ་རེད།

    1987ལོར་སྐྱེས་པའི་ཅང་ཞང་ནི་སི་ཁྲོན་ནས་ཡིན་པ་དང་། 2006ལོར་བོད་དུ་དམག་དཔུང་ལ་ཞུགས་པ་དང་། དུས་དེ་ནས་བཟུང་གངས་ལྗོངས་ས་མཐོར་བརྩེ་བ་ཟབ་མོ་ཆགས། ཅང་ཞང་གིས“ང་བོད་དུ་སྡོད་པའི་དུས་ཚོད་ནི་ཕ་ཡུལ་དུ་བསྡད་པ་ལས་རིང་བ་ཡོད”ཅེས་བཤད།

    དཔུང་སྡེར་དམག་སྐུལ་དང་ལེན་དང་། སློབ་ཆེན་འགྲིམ་པ། ལས་ཀ་བྱེད་པ་བཅས་ཀྱི་རིང་། ཅང་ཞང་གིས་རྟག་ཏུ་ཁྲག་སྦྱིན་བྱེད་སྒོར་ཧུར་ཐག་ཞུགས་ཀྱི་ཡོད། 2023ལོར་ཁྲག་སྦྱིན་གྱི་བྱེད་སྒོ་ཞིག་ལ། ཁོང་གིས་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་པའི་ངོ་སྤྲོད་ལ་བརྟེན་ནས། ཁྲག་སྦྱིན་པ་ཕུལ་རྗེས་ཁྲག་གི་མ་དཔེ་ཧའོ་ཧྲེང་8བཞག་ཚེ་ཀྲུང་ཧྭའི་རྐང་མར་མཛོད་དུ་ཞུགས་ཆོག་པ་དང་། ཁྲག་རིགས་སྡེབ་སྦྱོར་མཐུན་པོ་བྱུང་ཚེ་ཁྲག་གསོའི་ཕྲ་ཕུང་ཨ་མ་ཞལ་འདེབས་བརྒྱབ་ནས་ཁྲག་ནད་ཕོག་པའི་ནད་པའི་ཚེ་སྲོག་སྐྱོབ་ཐུབ་ཚུལ་ཤེས་རྟོགས་བྱུང་འཕྲལ། ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཀྲུང་ཧྭའི་རྐང་མར་མཛོད་དུ་ཞུགས་ནས་ཁྲག་གསོའི་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་མཁན་ཞིག་བྱས་ཤིང་། ཁོང་གིས“དྲང་པོ་བཤད་ན། དེ་སྔོན་ཁྲག་གསོའི་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་རྒྱུར་རྒྱུས་མངའ་དེ་ཙམ་མེད། ངའི་བསམ་པར་ཏང་ཡོན་ཞིག་དང་དམག་ཞབས་ཐིམ་པའི་དམག་མི་ཞིག་ལ་མཚོན་ན། གལ་སྲིད་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱིས་མི་གཞན་ལ་རོགས་རམ་བྱེད་ཐུབ་ན་དོན་སྙིང་ལྡན་པའི་བྱ་བ་ཞིག་རེད་བསམ་གི་འདུག”ཅེས་བརྗོད།

    འདི་ལོའི་ཟླ་གཉིས་པར། ཁྲག་གསོའི་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་མཁན་གྱི་ཀྲུང་གོའི་དཔྱད་ཡིག་མཛོད་བོད་ལྗོངས་ཡན་ལག་མཛོད་ཀྱི་ལས་དོན་པས་ཅང་ཞང་ལ་ཁ་པར་བརྒྱབ་སྟེ་ཁྱེད་དང་ཁྲག་རིལ་དཀར་པོའི་ནད་ཕོག་པའི་ནད་པ་ཞིག་གི་དབར་ཐོག་མའི་ཁྲག་རིགས་སྡེབ་མཐུན་བྱུང་སོང་བས་ཁྱེད་ལ་ཞལ་འདེབས་འབུལ་འདོད་ཡོད་དམ་ཞེས་དྲིས་པར་ཅང་ཞང་གིས་ལམ་སེང“ཞལ་འདེབས་འབུལ་རྒྱུའི་མོས་མཐུན་ཡོད”ཅེས་བཤད་པ་དང་། མོས་མཐུན་བྱས་རྗེས་སེམས་པ་སྔར་ལས་ལྷོད་པར་གྱུར།

    ཁྲག་རིགས་དབྱེ་འབྱེད་གསལ་པོའི་བརྟག་དཔྱད་དང་གཟུགས་པོའི་བརྟག་དཔྱད་བདེ་བླག་བྱུང་རྗེས། ཅང་ཞང་ལ་ཁྲག་གསོའི་ཕྲ་ཕུང་ཨ་མ་སྤོ་འཛུགས་འཆར་གཞིའི་བརྡ་ཐོ་འབྱོར་པ་དང་། འདི་ལོའི་ཟླ་དྲུག་པར་བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་པ་ནོར་བུ་སྒྲོལ་མ་དང་མཉམ་དུ་གནམ་གྲུར་བསྡད་དེ་པེ་ཅིང་ལ་བསྐྱོད་ནས་ཐེངས་འདིའི་ཞལ་འདེབས་འབུལ་བའི་ལས་དོན་གྱི་འགོ་བརྩམས།

    ནོར་བུ་སྒྲོལ་མ་བོད་ནས་པེ་ཅིང་བར་ཁྲག་གསོའི་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་བའི་ལས་དོན་ལ་བྱང་ཆུབ་པོ་ཡོད། 2016ལོར“འབུལ་གསུམ”ལས་དོན་ལ་ཞུགས་པ་ནས་བཟུང་། ཁོང་གིས་ཞལ་འདེབས་འབུལ་མཁན་དང་མཉམ་དུ་པེ་ཅིང་ལ་ཐེངས་མང་བསྐྱོད་དེ་ཁྲག་གསོའི་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་བའི་ལས་དོན་བསྒྲུབས་ཏེ་བོད་དུ་འཕེལ་རྒྱས་ཟམ་མི་ཆད་པར་འགྲོ་བཞིན་པའི་ཁྲག་གསོའི་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་བའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་དཔང་པོ་བྱས།

    ནོར་བུ་སྒྲོལ་མས། ད་ཐེངས་ཁྲག་གསོའི་ཕྲ་ཕུང་ཨ་མ་ཞལ་འདེབས་སུ་འབུལ་སྐབས་ཅང་ཞང་གི་ཚན་པ་དང་འགོ་ཁྲིད་ཀྱི་རོགས་རམ་དང་རྒྱབ་སྐྱོར་ཧ་ཅང་ཆེན་པོ་ཐོབ་བྱུང་ཞེས་གསར་འགོད་པར་བརྗོད་ཅིང་། ཁོང་གིས“ཁྲག་གསོའི་ཕྲ་ཕུང་ཨ་མ་འཚོལ་བསྡུ་བྱེད་རིང་། ཅང་ཞང་ལས་ཀ་བྱེད་སའི་ཚན་པ་བྲེལ་བ་ཧ་ཅང་ཆེ་བས་ཁོམ་པ་མེད་ན་ཡང་། དུས་བཀག་ལྟར་ཞལ་འདེབས་འབུལ་ཆེད། ཅང་ཞང་རང་ཉིད་དང་དེའི་ཚན་པའི་འགོ་ཁྲིད་ཀྱིས་མཐུན་སྦྱོར་བཀོད་སྒྲིག་གང་ཐུབ་བྱས་པར་ང་ཚོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བཤད།

    ཁྲག་གསོའི་ཕྲ་ཕུང་ཨ་མ་བླངས་རྗེས། ཅང་ཞང་ཉལ་ཁྲིའི་སྟེང་ནས་ཙོག་ཙོག་བྱས་ནས་བསྡད་པ་དང་སྒལ་པ་རྔུལ་ཆུས་ཚོས། ནོར་བུ་སྒྲོལ་མས་ཁོང་ལ་དཀར་གཙང་ཁ་བཏགས་ཤིག་ཕུལ་བ་དང་། དེའི་ཚེ་ཁོང་ལ་ཁྲག་གསོའི་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་བར་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་བཟའ་ཟླས་བརྙན་ལམ་ཁ་པར་བཏང་འོང་བ་དང་། ཅང་ཞང་གིས་སྔར་བཞིན་སྐད་ཆ་ཉུང་ཉུང་གི་སྒོ་ནས“ད་ཚར་སོང”ཞེས་བཤད། ཅང་ཞང་གི་འགྲམ་དུ་སྡོད་མཁན་སྨན་པས་བརྙན་ལམ་ཁ་པར་ནང་གི་ཅང་ཞང་གི་བཟའ་ཟླར་མཐེ་བོང་བསྒྲེངས་ནས“ཅང་ཞང་ཧ་ཅང་གྱོང་པོ་འདུག”ཅེས་བཤད།

    ཁྲག་གསོའི་ཕྲ་ཕུང་ཨ་མ་ཞལ་འདེབས་སུ་ཕུལ་རྗེས་ལས་ཀ་གང་ཞིག་བྱེད་རྩིས་ཡོད་པའི་སྐོར་འདྲི་སྐབས། ཅང་ཞང་གིས“དམིགས་བསལ་གྱི་བཀོད་སྒྲིག་གང་ཡང་མེད། རྒྱུན་གཏན་ལྟར་འཚོ་བ་དང་ལས་ཀ་བྱེད་ཀྱི་ཡིན། ཁྲག་གསོའི་ཕྲ་ཕུང་ཨ་མ་ཞལ་འདེབས་སུ་འབུལ་བ་ནི་སྤྱིར་བཏང་གི་བྱ་བ་ཞིག་ཡིན་པས་ང་ཚོས་ཀྱང་རྒྱུན་གཏན་གྱི་ལྟ་སྟངས་འཛིན་དགོས་པ་མ་ཟད། གཅེས་སེམས་འཆང་མཁན་དེ་བས་མང་བ་ཁྲག་གསོའི་ཕྲ་ཕུང་ཨ་མ་ཞལ་འདེབས་འབུལ་བའི་བྱེད་སྒོར་ཞུགས་རྒྱུའི་རེ་བ་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།