སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་བྱེད་པའི་ཐབས་ཤེས་སྐོར་རགས་ཙམ་གླེང་བ།
སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རྩོམ་ཡིག་འབྲི་བའི་ནུས་པ་སྐྱེད་སྲིང་བྱེད་པ་ནི་བོད་སྐད་ཡིག་བསླབ་ཚན་སློབ་ཁྲིད་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། སློབ་མའི་བོད་སྐད་ཡིག་གི་ཆུ་ཚད་དང་བྱ་དངོས་ལ་ངོས་འཛིན་བྱེད་པའི་ནུས་པ་དང་རིག་སྟོབས་འཕེལ་བ་སོགས་ཕྱོགས་ཡོངས་ཡར་རྒྱས་འགྲོ་བར་དོན་སྙིང་ཆེན་པོ་ལྡན། ཡང་སྒོས་སུ་སློབ་མས་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལ་རྒྱུས་ལོན་དང་ཤེས་རྟོགས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། དེས་ན་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རྩོམ་འབྲིའི་ནུས་པ་སྐྱིད་སྲིང་ཇི་ལྟར་བྱེད་དགོས་མིན་སྐོར་ལ་རྒྱུན་གཏན་གྱི་སློབ་ཁྲིད་དང་འཚོ་བ་དངོས་ཟུང་འབྲེལ་བྱས་ཏེ་རང་གི་ལྟ་ཚུལ་རགས་ཙམ་གླེང་བར་བྱ་སྟེ།
དང་པོ། སློབ་མར་རྩོམ་ཡིག་འབྲི་འདོད་པའི་བསམ་པའི་བློ་སྒོ་འབྱེད་དགོས་པ།
སློབ་མར་རྩོམ་ཡིག་འབྲི་བའི་སྤོབས་པ་དང་ཡིད་ཆེས་ལྡན་ཚེ་ད་གཟོད་རྩོམ་འབྲིའི་ལས་ལ་བློ་བག་ཡངས་པོས་འཇུག་སྲིད། དགེ་རྒན་ཞིག་ལ་མཚོན་ན། དང་ཐོག་སློབ་མར་རྩོམ་ཡིག་ཡག་པོ་ཞིག་འབྲི་དགོས་པའི་རེ་བ་འདོན་རྒྱུ་མེད་ལ། སྨྱུ་གུ་འཛུགས་ཐེངས་གཅིག་ལ་རྩོམ་ཡིག་ཕུལ་དུ་བྱུང་བ་ཞིག་འབྲི་ཐུབ་པ་དང་རྩོམ་ཡིག་འབྲི་བའི་ནུས་པའང་དུས་ཡུན་ཐུང་ཐུང་ནང་ཡར་རྒྱས་ཆེན་པོ་ཡོང་བའི་རེ་བ་མཐོ་པོ་དེ་བས་འཆང་རྒྱུ་མེད། ལྷག་པར་དུ་སློབ་ཆུང་གི་སློབ་མར་མཚོན་ན། ལྟ་རྒྱ་དང་ཐོས་རྒྱ། དེ་བཞིན་བྱ་དངོས་ལ་དབྱེ་ཞིབ་བྱེད་པའི་ནུས་པ་སོགས་དེ་བས་ཆེན་པོ་མེད་པས་རྩོམ་ཡིག་འབྲི་བའི་རེ་བ་མཐོ་དྲགས་ཚེ་ཁོང་ཚོའི་ཡིད་ཆེས་དང་དགའ་མོས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཀྱི་ཡོད་ལ། དེ་ལས་ལྡོག་པའི་ནུས་པ་ཐོན་ནས་སློབ་མའི་རྩོམ་ཡིག་འབྲི་བའི་འདུན་པ་དང་རྩོམ་ཡིག་འབྲི་བའི་སྤྲོ་སྣང་ཉམས་སྲིད། དེར་བརྟེན། ཐོག་མར་སློབ་མས་རྩོམ་ཡིག་འབྲི་མི་ཤེས་པ་དང་རྩོམ་ཡིག་འབྲི་བའི་སྤྲོ་སེམས་ཆེན་པོ་མེད་པའི་སྐབས་སུ། དགེ་རྒན་ཚོས་སློབ་མས་བྲིས་པའི་རྩོམ་ཡིག་ཁྲོད་ཀྱི་དག་ནོར་དང་བྱ་བའི་བྱུང་རིམ་ཁ་མི་གསལ་བ། བརྗོད་དོན་གཙོ་བོ་འབུར་དུ་མ་ཐོན་པ་སོགས་ཀྱི་སྐྱོན་ཆར་ཁོག་རྒྱ་ཡངས་ཤིང་ངག་འཇམ་པོས་བཟོ་བཅོས་རྒྱག་པ་དང་། ལེགས་ཆར་བསྔགས་བརྗོད་མང་ཙམ་བྱས་ཏེ་སློབ་མའི་རྩོམ་ཡིག་འབྲི་བའི་འདུན་པ་དང་ཡིད་ཆེས་འཕེལ་ཐབས་བྱེད་དགོས།
གཉིས་པ། རྩོམ་ཡིག་ལེགས་པོ་ཞིག་འབྲི་ཐུབ་པའི་རྨང་གཞི་འདིང་དགོས་པ།
དེ་ཡང་བྱ་བ་ཐམས་ཅད་ལད་མོ་ཡིན། ལད་མོའི་ནང་ནས་སུ་མཁས་ཡིན་ཞེས་པ་ལྟར་རྩོམ་འབྲིའི་ལས་ལ་ཐོག་མར་འཇུག་མཁན་གྱི་སློབ་ཆུང་སློབ་མར་ཆ་མཚོན་ན། ཁོ་ཚོར་མི་གཞན་གྱིས་བྲིས་པའི་རྩོམ་ཡིག་གང་མང་ལྟ་ཀློག་བྱེད་དགོས་པའི་ལྕག་སྐུལ་བྱེད་པ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། དེར་བརྟེན་དགེ་རྒན་གྱིས་མིག་དཔེའི་ནུས་པ་འདོན་པའི་སྐུལ་སློང་བྱས་ཏེ་སློབ་མ་ཚང་མར་ལེགས་རྩོམ་ཀློག་པར་སྐུལ་བ་དང་ལེགས་རྩོམ་ལ་དཔེ་བལྟས་ཏེ་རྩོམ་འབྲི་རུ་འཇུག་པ། སློབ་མ་རེས་མོས་ཀྱིས་འཛིན་གྲྭའི་ནང་དུ་ལེགས་རྩོམ་ཀློག་ཏུ་འཇུག་པ་སོགས་ཐབས་ལམ་སྣ་མང་ལ་བརྟེན་ནས་སློབ་མར་རྩོམ་ཡིག་འབྲི་བའི་བག་ཆགས་གཏིང་ཟབ་འཇོག་ཐུབ་པ་བྱེད་དགོས། གཞན་ཡང་། སློབ་མར་བསྔགས་བརྗོད་དང་བྲིས་པའི་རྩོམ་ཡིག་ལ་གདེང་འཇོག་བཟང་པོ་བྱས་ན་སློབ་མས་རྩོམ་ཡིག་འབྲི་བའི་ངལ་བ་སེལ་ཐུབ་ལ་རྩོམ་ཡིག་འབྲི་བའི་འདུན་པ་སྐྱེ་ངེས།
གསུམ་པ། ཉམས་ཞིབ་ཀྱི་ནུས་པ་གསོ་སྐྱོང་བྱས་ནས་རྩོམ་འབྲིའི་རྒྱུ་ཆ་གསོག་འཇོག་བྱེད་དགོས་པ།
རྩོམ་ཡིག་ནི་འཚོ་བ་དངོས་ཀྱི་མཚོན་ཚུལ་ཞིག་ཡིན་པས་རྩོམ་ཡིག་འབྲི་བའི་རྒྱུ་ཆ་ནི་འཚོ་བ་དངོས་ལས་བྱུང་བ་ཞིག་རེད། དེར་བརྟེན་ང་ཚོས་རྒྱུན་གཏན་གྱི་འཚོ་བ་དངོས་ཀྱི་ཁྲོད་སློབ་མས་བྱ་དངོས་ལ་ཉམས་ཞིབ་བྱེད་པའི་ནུས་པ་གསོ་སྐྱོང་བྱས་ཏེ་རྩོམ་ཡིག་འབྲི་བའི་རྒྱུ་ཆ་གང་མང་གསོག་འཇོག་བྱེད་དགོས་པ་དང་། དགེ་རྒན་གྱིས་རྒྱུན་དུ་སློབ་མར་སློབ་གྲྭ་དང་སྤྱི་ཚོགས་སྟེང་གི་བྱེད་སྒོ་ཁག་དང་། རང་བྱུང་ཁམས་ཀྱི་སྣང་ཚུལ། མཛེས་ལྗོངས་ཁུལ། ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་སོགས་ལ་ཉམས་ཞིབ་བྱེད་དགོས་པའི་རེ་བ་འདོན་དགོས་པ་མ་ཟད། འབྲོག་ཁུལ་དང་ཞིང་ཁུལ། དེ་བཞིན་ཁྲོམ་གཞུང་གི་མཐོང་ཐོས་སོགས་རྒྱུན་གཏན་འཚོ་བའི་བྱ་དངོས་ཡོད་དོ་ཅོག་ལ་ལྟ་ཞིབ་དང་བསམ་གཞིག་ནན་ཏན་བྱེད་པའི་བསམ་བློའི་མཛུབ་ཁྲིད་བྱས་ཚེ། གཞི་ནས་རྩོམ་ཡིག་འབྲི་བའི་རྒྱུ་ཆ་ཕུན་སུམ་ཚོགས་པོ་གསོག་ཐུབ་ངེས་ཡིན་པ་དང་། རྣམ་པ་དང་རིགས་མི་འདྲ་བའི་མཐོང་ཐོས་མྱོང་གསུམ་ལ་བརྟེན་ནས་ཉིན་ཐོ་འབྲི་བའི་གོམས་གཤིས་འཇགས་ན་རྩོམ་ཡིག་འབྲི་བའི་བསམ་བློ་སྐྱེད་སྲིང་ཐུབ་པ་དང་། རིམ་བཞིན་རྩོམ་ཡིག་འབྲི་བར་བྱང་ཆུབ་པ་དང་སྤྲོ་སྣང་གི་བསམ་བློ་སྐྱེད་ཐུབ་ནས་རྩོམ་ཡིག་འབྲི་བར་དཀའ་ངལ་དང་འཚེར་སྣང་གི་བསམ་བློ་བཅངས་མི་སྲིད།
བཞི་པ། རྩོམ་ཡིག་གི་ནང་དོན་རང་མོས་ངང་འབྲི་རུ་འཇུག་དགོས།
སློབ་མ་འགའ་རེར་མཚོན་ན། དགེ་རྒན་གྱིས་རྩོམ་ཡིག་གི་ནང་དོན་གཏན་འཁེལ་བྱས་ན་དེ་ཙམ་དགའ་པོ་བྱེད་ཀྱི་མེད། རྒྱུ་མཚན་གང་ཡིན་ཞེ་ན། རང་ཉིད་ཀྱིས་རྒྱུས་མངའ་མེད་པའི་བརྗོད་དོན་ཞིག་རྩོམ་ཡིག་གི་ལམ་ནས་འབྲི་བར་དཀའ་ངལ་ཆེ་ལ་འཇུག་པའི་སྤྲོ་བའང་མེད་པས་དེ་ལས་ལྡོག་སྟེ་རྩོམ་ཡིག་འབྲི་བར་འཚེར་སྣང་དང་དགའ་མོས་ཉམས་པའི་རྣམ་པའང་ཐོན་སྲིད། དེར་བརྟེན་དགེ་རྒན་གྱིས་སྔོན་ལ་སློབ་མ་རང་ཉིད་ཀྱི་དགའ་མོས་ལ་གཞིགས་ནས་གང་དྲན་གང་བསམ་གྱི་ནང་དོན་མང་ཙམ་འབྲི་རུ་བཅུག་ནས་དགའ་མོས་འཕེལ་དུ་འཇུག་པ་དང་། དེ་རྗེས་རིམ་བཞིན་སློབ་མ་རང་ངོས་ཀྱིས་དགའ་ཞེན་ཆེ་བའི་ནང་དོན་ངོ་སྤྲོད་དང་། རང་ཉིད་ཀྱི་ཕ་ཡུལ་གྱི་མཛེས་ལྗོངས་དང་གནའ་ཤུལ་གྲགས་ཅན། རང་གི་ཉེ་འཁོར་གྱི་འབྲེལ་འདྲིས་ཆེ་བའི་མི་སྣ་ཕ་མ་དང་། དགེ་རྒན། སློབ་གྲོགས་སོགས་ཀྱི་ལོ་རྒྱུས་ངག་ནས་བརྗོད་དུ་འཇུག་པའམ་ཡང་ན་རྩོམ་ཡིག་ཐུང་ཐུང་བྲིས་སུ་བཅུག་པ་སོགས་བྱས་ཏེ། གཅིག་ནས་སློབ་མའི་གཏམ་བཤད་ཀྱི་འཇོན་ཐང་གསོ་སྐྱོང་དང་། གཉིས་ནས་རྩོམ་ཡིག་འབྲི་བའི་རྒྱུ་ཆ་གསོག་འཇོག་ལ་རྨང་གཞི་འདིང་བ། གསུམ་ནས་ངག་ཐོག་གི་རྒྱུ་ཆ་དག་སླར་ཡང་ཡིག་ཐོག་ཏུ་ཕབ་པའི་ནུས་པ་སྐྱེད་སྲིང་བྱེད་དགོས་པ་མ་ཟད། སློབ་ཕྲུག་ཕན་ཚུན་གྲོས་བསྡུར་དང་ཕན་ཚུན་སློབ་སྦྱོང་གི་ཐབས་ལམ་ལ་བརྟེན་ནས་སློབ་མ་རྣམས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
ལྔ་པ། འབྲེལ་ཡོད་ཀྱི་དཔེ་དེབ་བཀླགས་ནས་རྩོམ་འབྲིའི་ནུས་པ་ལེགས་སུ་གཏོང་དགོས་པ།
དཔེ་དེབ་ནི་འཛམ་གླིང་ཤེས་རྟོགས་བྱེད་པའི་སྐར་ཁུང་དང་། མིའི་རིགས་ཡར་རྒྱས་འགྲོ་བའི་སྐས་འཛེགས་ལྟ་བུ་རེད་ལ། དཔེ་ཀློག་ནི་རྩོམ་ཡིག་འབྲི་བའི་རྨང་གཞི་ལྟ་བུ་ཡིན་པས་དཔེ་ཀློག་དང་རྩོམ་འབྲི་ནི་ཁ་འབྲལ་ཐབས་མེད། དཔེ་དེབ་མང་པོ་བལྟས་ན་ད་གཟོད་ཕུན་སུམ་ཚོགས་པའི་རྩོམ་འབྲིའི་རྒྱུ་ཆ་མང་པོ་གསོག་ཐུབ། རྒྱུན་དུ་སློབ་མ་ཚོའི་རྩོམ་ཡིག་ཡག་པོ་ཞིག་འབྲི་མ་ཐུབ་པའི་གནད་དོན་ཆེ་ཤོས་ནི་ཤེས་བྱ་རིག་གནས་ཕུན་སུམ་ཚོགས་པོ་དེ་ཙམ་མེད་པ་དང་འཚོ་བའི་ཉམས་མྱོང་མེད་ཁར་དེ་གཉིས་ཟུང་འབྲེལ་མི་ཐུབ་པས་རྩོམ་ཡིག་འབྲི་སྐབས་ཅི་འབྲི་འདི་འབྲི་མེད་པར་གྱུར་གྱི་ཡོད། ད་ཆ་སྤྱི་ཚོགས་ཡོངས་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་རྩོམ་དེབ་དང་། སྒྲུང་དེབ། པར་རིས་དེབ། ལོ་རྒྱུས་དང་ཚན་རིག་གི་དེབ་སོགས་གང་དགོས་ཉོ་རྒྱུ་ཡོད་པས་དགེ་རྒན་གྱིས་འབྲེལ་ཡོད་དཔེ་དེབ་ངོ་སྤྲོད་བགྱིས་ཏེ་སློབ་མའི་མཐོང་རྒྱ་དང་། ཐོས་རྒྱ་སོགས་གང་ཅིར་ཡར་རྒྱས་ཡོང་བ་བྱེད་པ་ནི་ཧ་ཅང་གལ་འགངས་ཆེ།
མདོར་ན། རྩོམ་ཡིག་ཡག་པོ་ཞིག་འབྲི་ཐུབ་མིན་དེ་དུས་ཐུང་ནང་བསྒྲུབས་ཐུབ་པའི་གནད་དོན་ཞིག་མིན་པ་དང་དེར་སློབ་མའི་ལོ་ནའི་ཁྱད་ཆོས་དང་དགའ་མོས་སོགས་རྒྱུ་རྐྱེན་སྣ་ཚོགས་མང་པོའི་རམ་འདེགས་དགོས་པས་དགེ་རྒན་གྱིས་ངང་རྒྱུད་རིང་པོའི་ཁྲིད་སྟོན་དང་ཟུར་ཁྲིད་བྱེད་དགོས་ལ། སློབ་མ་ཚོར་དཔེ་དེབ་མང་ཙམ་ལྟ་ཀློག་དང་རྩོམ་ཡིག་མང་ཙམ་འབྲི་བའི་སྤྲོ་སྣང་འཕེལ་བར་ལྕག་སྐུལ་དང་སློབ་གསོ་ཁྲིད་སྟོན་བྱས་ཚེ། ད་གཟོད་སློབ་མའི་རྩོམ་འབྲིའི་ཆུ་ཚད་ཉིན་རེ་བཞིན་གོང་མཐོར་འགྲོ་རྒྱུ་ཡིན་པ་ནི་བརྗོད་མི་དགོས་པ་ཞིག་རེད།
(ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སློབ་འབྲིང་གི་བདེ་སྐྱིད་གཡང་འཛོམས)