དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་ལྡུམ་རྭ།
  • རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་གོ་དོན་དང་བྱེ་བྲག་དབྱེ་བའི་སྐོར་གྱི་བསམ་གཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-17

    ཚིག་ཕྲད་ལས་གཞན་དབང་ཅན་དང་འབྲེལ་བའི་རྣམ་དབྱེ་དྲུག་པ་ནི་བོད་སྐད་བརྡ་སྤྲོད་དང་ལག་ལེན་ཐོག་བེད་སྤྱོད་ཤིན་ཏུ་ཆེ་བ་ཚང་མས་མཁྱེན་ཆོས་དང་། དེའི་གོ་དོན་དང་དོན་འཇུག་ཚུལ་གྱི་ནང་གསེས་དབྱེ་བའི་ངོས་འཛིན་ཚུལ་ལ་མཁས་པ་རྣམས་ཀྱི་དགོངས་གཞི་ཅི་རིགས་ཡོད་ཅིང་། ལྷག་པར་ཆ་དང་ཆ་ཅན་དང་ཡན་ལག་དང་ཡན་ལག་ཅན་སོགས་བྱེ་བྲག་གི་དབྱེ་བའི་ཆར་གཅིག་འགྱུར་གྱི་གཞི་འཛིན་ས་མེད་རྐྱེན་ལས་དང་པོ་བ་རྣམས་རྨོངས་ཤིང་དཀའ་བའི་རྒྱུར་གྱུར་བས་དེའི་སྐོར་ཅུང་ཙམ་གླེང་ན།

    དང་པོ། འབྲེལ་སྒྲའི་གོ་དོན་སྐོར

    གཅིག གནའ་དེང་མཁས་པའི་བཞེད་དགོངས།

    སློབ་དཔོན་གྱི་རྩ་བར། རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཨི་དང་མཐུན་ལུགས་འདི་ཞེས་བྱ། །དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །བདུན་པ་ཉིད་ལ་བདུན་པ་སྟེ། །ལྷག་མ་རྣམས་ལ་གྱ་སྦྱར་བ། །དེ་དག་ཨི་སྦྱར་འབྲེལ་བའི་ས། །ཞེས་ཕྲད་ཀྱི་མིང་དང་ངོས་འཛིན། སྒྲ་སྦྱོར་བཅས་ལས་གསལ་ཁ་མ་མཛད་པས་དེའི་གོ་དོན་འཇོག་ཚུལ་ལ་མཁས་པ་རྣམས་ཀྱི་ལུགས་ཕན་ཚུན་འགལ་བར་མ་སོང་རུང་། གོ་བདེ་ཁྱད་ཆེ་ཙམ་བྱུང་བ་དཔེར་ན། སྨྲ་སྒོ་མཚོན་ཆར་ཀྱི་ནི་འབྲེལ་བའི་ཚིག་ཡིན་ཏེ། །ཞེས་བྱ་བ་ཡིན་ཏེ། ལྷས་བྱིན་གྱི་རྟ་ཞེས་པ་ལྟ་བུ་སྟེ། ཕན་ཚུན་གྱི་དོན་འབྲེལ་བར་སྦྱོར་བའི་བརྡ་སྤྲོད་པར་འདོན་པའོ་ཞེས་དང་། པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས་རང་གི་ཆ་ཤས་དང་། ཡོ་བྱད་ལ་སོགས་པ་འབྲེལ་ཆོས་རྣམས། རང་དང་འབྲེལ་བར་སྒྲུབ་པའམ་རང་གི་ཡིན་པར་སྒྲུབ་པ་ལ་འཇུག་གོ་དང་སི་ཏུའི་རྗེས་འབྲངས་དངུལ་ཆུ་ཆོས་བཟང་གིས་དེ་དག་ནི་རྟེན་དང་བརྟེན་པའམ། ཡན་ལག་དང་ཡན་ལག་ཅན་སོགས་མིང་དོན་ཕན་ཚུན་འབྲེལ་བ་བརྗོད་པའི་དོན་ཅན་གྱི་སྒྲ་ཡིན་པས་རྣམ་དབྱེ་དྲུག་པ་འབྲེལ་བའི་ས་ཞེས་བྱའོ། ཡང་ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་ཁྱད་ཆོས་གང་དག་ཁྱད་གཞི་ནི། །གང་དང་འབྲེལ་བའམ་གང་གི་ཡིན། །གོ་བྱེད་གི་ཀྱི་གྱི་འི་རྣམས། །རྣམ་དབྱེ་དྲུག་པ་འབྲེལ་བ་ཡིན། །ཞེས་དང་དཀར་ལེབ་དྲུང་ཡིག་གིས་ཆོས་སོགས་ཕན་ཚུན་འབྲེལ་ཙམ་ལས། །བྱ་བའི་ནུས་པ་ཡེ་མེད་དེ། །ཞེས་དང་དེ་བཞིན་ཕྱི་འགྲེལ་གྲགས་ཆེ་བ་ལས་ཚེ་ཏན་ཞབས་དྲུང་གིས་སྐབས་འདིའི་འབྲེལ་བ་ཞེས་པའི་གོ་དོན་ནི། ཁྱད་གཞི་དང་ཁྱད་ཆོས་བར་གྱི་འབྲེལ་བ་སྟོན་པ་གོས་ཀྱི་མཚོན་མདངས་ཞེས་པ་ལ་སོགས་པས་མཚོན་པར་བྱའོ་ཞེས་གསལ་ཁ་མཛད་ལ་རྡོ་རྗེ་རྒྱལ་པོས་མིང་དོན་ཕན་ཚུན་འབྲེལ་བ་འམ། །སྔ་ཕྱི་འབྲེལ་བ་སོགས་སྟོན་པའི། །ཞེས་དང་། དགེ་བཤེས་གསུང་རབ་རྒྱ་མཚོས་ཁྱད་ཆོས་གང་དག་ཁྱད་གཞི་དང་། །ཆ་ཤས་རྣམས་ནི་ཆ་ཅན་སོགས། །གང་དང་འབྲེལ་བར་སྟོན་པའམ། །གང་གི་ཡིན་པར་སྟོན་བྱེད་ཀྱི། །ཞེས་དང་། དེང་དུས་ཀྱི་མཁས་དབང་དཔའ་རིས་སངས་རྒྱས་ཀྱིས་འབྲེལ་གཞི་དང་འབྲེལ་ཆོས་ཀྱི་འབྲེལ་བ་གསལ་བར་བྱེད་པའི་སྒྲ་དང་། ཡང་ན། བདག་གཞན་གྱི་ཆོས་གཉིས་རྣམ་པར་ཕྱེ་ཞིང་གཙོ་བོར་འབྲེལ་ཆོས་གང་འབྲེལ་གཞི་གང་དང་འབྲེལ་བའི་དོན་སྟོན་བྱེད་ཀྱི་སྒྲ་ཞེས་གསུངས་སོ།

    གཉིས། རང་ལུགས་བཞག་པ།

    གོང་གི་གནའ་དེང་བརྡ་སྤྲོད་སྨྲ་བའི་མཁས་པ་ཚོས་འབྲེལ་སྒྲའི་གོ་དོན་ལ་ལུགས་ཆེ་བ་གསུམ་དུ་ངོས་འཛིན་ཆོག་སྟེ། པཎ་ཊི་ཏ་སྨྲི་ཏི་དང་དཀར་ལེབ་དྲུང་ཡིག རྡོ་རྗེ་རྒྱལ་པོ་བཅས་ནས་ཆོས་སམ་མིང་དོན་ཕན་ཚུན་གྱི་འབྲེལ་བ་སྟོན་པའི་རྣམ་དབྱེ་གང་དེའི་ནུས་པ་སྤྱི་ནས་གོ་དོན་བཞག་པ་དང་། པྲ་ཏི་རིན་ཆེན་དོན་གྲུབ་དང་དངུལ་ཆུ་ཆོས་བཟང་། ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས། ཚེ་ཏན་ཞབས་དྲུང་། དགེ་བཤེས་གསུང་རབ་རྒྱ་མཚོ་བཅས་ཀྱིས་འབྲེལ་སྒྲའི་དོན་གྱི་འཇུག་ཚུལ་ལས་བྱེ་བྲག་དབྱེ་བའི་སྟེང་ནས་གོ་དོན་བཞག་པ། དཔའ་རིས་སངས་རྒྱས་ཀྱིས་རྣམ་དབྱེའི་གང་དེའི་གྲུབ་ཆའི་འབྲེལ་བ་ནས་གོ་དོན་བཞག་པ་བཅས་མཁས་པའི་བཞེད་དགོངས་དེ་ལྟར་དང་། དེ་དག་ལ་ངོ་བོའི་ཐོག་ནས་འགལ་བ་མེད་རུང་པྲ་ཏི་སོགས་ཀྱི་ཁྱད་གཞི་དང་ཁྱད་ཆོས་ལྟ་བུའི་འབྲེལ་སྒྲའི་བྱེ་བྲག་གི་དབྱེ་བའི་རྣམ་གྲངས་དག་སྤྱིའི་གོ་དོན་ལ་བཀབ་པའི་སྐྱོན་བྱུང་བའོ། དཔའ་རིས་ཀྱིས་འབྲེལ་སྒྲའི་གྲུབ་ཆ་ནས་གོ་དོན་བཞག་མོད་བདག་ཉིད་གཅིག་པའི་འབྲེལ་སྒྲའམ་གཞི་མཐུན་ལ་དེ་ལྟར་མི་འཐད་དེ་ཉི་མའི་འོད་ལྟ་བུར་འབྲེལ་གཞི་འབྲེལ་ཆོས་ངོ་བོ་གཅིག་ཏུ་འདྲེས་པས་ཁྱབ་ཆེ་བའི་སྐྱོན་བྱུང་། དེར་བརྟེན་རང་ལུགས་ལ་པཎ་ཊི་ཏ་སྨྲི་ཏི་སོགས་ཀྱི་ཆོས་སམ་མིང་དོན་ཕན་ཚུན་འབྲེལ་བ་སྟོན་པའི་རྣམ་དབྱེ་ལ་གོ་ཞེ་ན་ཕྲད་འདི་གའི་བྱེད་ནུས་དང་ཁྱད་ཆོས་སོགས་གོ་དོན་ལ་རྫོགས་པས་གོང་གི་སྤྱི་བྱེ་བྲག་གི་སྐྱོན་ཁེགས་པ་དང་ཡང་སྒོས་ལས་དང་པོ་རྣམས་ལ་འཚམ་པར་མཐོང་ངོ་།

    གཉིས་པ། འབྲེལ་སྒྲའི་ནང་གསེས་ཀྱི་དབྱེ་བའི་ངོས་འཛིན་སྐོར།

    གཅིག གནའ་དེང་མཁས་པའི་བཞེད་དགོངས།

    བོད་པའི་བརྡ་སྤྲོད་བསྟན་བཅོས་ཀྱི་སྔ་འགྲེལ་རྣམས་སུ་འབྲེལ་སྒྲའི་ནང་གསེས་ཀྱི་དབྱེ་སྲོལ་ཆེར་མེད་པ་མངོན་ཏེ། པཎ་ཊི་ཏ་སྨྲི་ཏི་དང་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། ཞ་ལུ་ལོ་ཙཱ། དཔལ་ཁང་ལོ་ཙཱ་། ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པ། ལྕང་ཀྱཱ་རོལ་པའི་རྡོ་རྗེ་སོགས་ཀྱིས་མཛད་པའི་གཞུང་ན་ཕྲད་དང་སྒྲ་སྦྱོར་ཙམ་ལས་མ་གསལ་ཞིང་། དུས་རབས་བཅུ་བདུན་པའི་ནང་བྱོན་པའི་དབྱངས་ཅན་གྲུབ་པའི་རྡོ་རྗེའི་ལེགས་བཤད་ལྗོན་དབང་ནང་གཞི་མཐུན་དང་། རྟེན་བརྟེན་པ། ཡན་ལག་དང་ཡན་ལག་ཅན་བཅས་གསུམ་དུ་ཕྱེ་ནས་དཔེར་བརྗོད་མཛད་པ་དང་། དཀར་ལེབ་དྲུང་ཡིག་གི་ཐུ་མིའི་དགོངས་རྒྱན་ནང་ཡན་ལག་དང་ཡན་ལག་ཅན་དང་རྟེན་བརྟེན་པ། གཞི་མཐུན། ཡུལ་དང་ཡུལ་ཅན་བཅས་ཀྱི་དབྱེ་བ་མཛད་པ། ཡང་པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་འབྲེལ་སྒྲའི་གོ་དོན་ནས་དཔྱད་ན་བདག་རྫས་དང་ཆ་དང་ཆ་ཅན་ཙམ་བཞེད་པ་འདྲ། དེ་བཞིན་ཀརྨ་སྨོན་ལམ་འོད་ཟེར་དང་དགེ་བཤེས་གསུང་རབ་རྒྱ་མཚོ། དཀའ་ཆེན་པད་མ། ཚེ་ཏན་ཞབས་དྲུང་། རྡོ་རྗེ་རྒྱལ་པོ་སོགས་ཀྱི་བརྡ་སྤྲོད་གཞུང་ན་ནང་གསེས་ཀྱི་དབྱེ་བ་རེ་གཉིས་ཕྱེ་མོད། དམིགས་བསལ་གཞན་མེད་པས་འདིར་རེ་རེ་ནས་མ་དྲངས་སོ། འབྲེལ་སྒྲའི་ནང་གསེས་ཀྱི་དབྱེ་བ་ཅུང་རྒྱས་པར་མཛད་པ་དཔའ་རིས་སངས་རྒྱས་ཀྱི་བརྡ་སྤྲོད་གཞུང་ན་གསལ་ཞིང་འདིར་དམིགས་བསལ་འགའ་ཞིག་དྲངས་ན་འཇར་པཎ་གྱི་འཕྲུལ་འཁོར་དང་བལ་པོའི་སེའུ་ལྟ་བུ་ཁུངས་དང་ཐོན་རྫས་ཀྱི་འབྲེལ་བ། གནའ་དུས་ཀྱི་ལོ་རྒྱུས་དང་ལང་ཚོ་ཡོལ་བའི་མཛའ་གྲོགས་ལྟ་བུ་སྐབས་དང་དོན་གྱི་འབྲེལ་བ། བསགས་པའི་ནོར་དང་སྦྱངས་པའི་ཡོན་ཏན་ལྟ་བུ་བྱ་བ་དང་གྲུབ་པའི་འབྲེལ་བ། ཐོས་པའི་ནོར་དང་སྤྱོད་པའི་འཕྲུལ་འཁོར་ལྟ་བུ་དཔེ་དང་དཔེ་ཅན་གྱི་འབྲེལ་བ་ཞེས་ཐ་སྙད་གསར་པ་མཛད་མོད། དེ་དག་ཀྱང་རྗེས་འཇུག་མགོ་བོ་རྨོངས་པའི་རྒྱུ་ཙམ་དུ་ཟད་དེ་དང་པོ་ནི་བདག་རྫས་ཀྱི་འབྲེལ་བ་དང་གཉིས་པ་ནི་ཁྱད་གཞི་ཁྱད་ཆོས་ཀྱི་འབྲེལ་བ། གསུམ་པ་དང་བཞི་པ་ནི་བདག་ཉིད་གཅིག་པའི་འབྲེལ་བ་བཅས་སུ་བསྡུ་བས་དེ་ལྟར་དབྱེ་བའི་དགོས་པ་ཆེར་མ་མཐོང་ངོ་།

    གཉིས། རང་ལུགས་བཞག་པ།

    འབྲེལ་སྒྲའི་ནང་གསེས་ཀྱི་དབྱེ་བའི་སྐོར་ད་ལྟའི་དམའ་འབྲིང་བསླབ་གཞི་དང་ཀུན་ལ་གྲགས་པ་ལྟ་བུ་ནི་ཆ་དང་ཆ་ཅན་དང་ཡན་ལག་དང་ཡན་ལག་ཅན། རྟེན་དང་བརྟེན་པ། བདག་རྫས། ཁྱད་གཞི་ཁྱད་ཆོས། བདག་ཉིད་གཅིག་པ།(གཞི་མཐུན་) རྒྱུ་དང་འབྲས་བུ། བཅས་བདུན་ཙམ་དུ་བསྡུ་བ་འདི་དགེ་མཚན་ཆེ་བར་མཐོང་བས་རང་ལུགས་ཀྱང་དེའི་རྗེས་སུ་འབྲངས་སོ།

    འབྲེལ་སྒྲ་འདི་ཉིད་རྣམ་དབྱེ་ཡིན་པའི་ཆ་ནས་རྣམ་དབྱེ་གཞན་དང་མ་འདྲེས་པ་དང་ཇེ་སྙེད་པའི་དངོས་པོའི་འབྲེལ་བ་ཕྱེ་བའི་བྱེད་ནུས་རང་འཛོམས་ཡིན་པས་དབྱེ་བའི་རྣམ་གྲངས་མང་ཙམ་བྱུང་རྐྱེན་ཡང་དེ་ལྟར་དང་། སྤྱིར་དངོས་པོའི་འབྲེལ་བ་གྲངས་ལས་འདས་མོད་བོད་པའི་བརྡ་སྤྲོད་ནང་གོང་གི་བདུན་ཙམ་གྱི་མ་བསྡུ་བ་མེད་པས་ད་དུང་ཞིབ་པར་ཕྱེ་ན་ཚེགས་ཆེ་ལ་དོན་ཆུང་བ་ཙམ་མོ། དེ་ལྟར་དབྱེ་བའི་རྣམ་གྲངས་དེ་དག་ལ་མཁས་པ་ཚོས་རང་ལུགས་ཀྱི་དཔེར་བརྗོད་མང་ཙམ་མཛད་མོད། དཔེར་བརྗོད་དེ་དེར་དབྱེ་དགོས་པའི་རྒྱུ་མཚན་དང་། ཆ་དང་ཆ་ཅན་དང་ཡན་ལག་དང་ཡན་ལག་ཅན་ལྟ་བུའི་དབྱེ་ཆོས་ཀྱི་ཁྱད་པར་རྩ་བ་ནས་མ་བསྟན་རྐྱེན་མཁས་པས་བརྟགས་ན་ཤིན་ཏུ་སླ་ཡང་ལས་དང་པོ་བ་དཀའ་བར་གྱུར་བས་དེའི་སྐོར་ཅུང་གླེང་ན།

    1. ཆ་དང་ཆ་ཅན་དང་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བའི་འབྱེད་ཆོས།

    བོད་པའི་བསྟན་བཅོས་དང་ཡུལ་སྐད་ན་ལུས་ཀྱི་ཡན་ལག་དང་ལུས་ཀྱི་ཆ་ཤས་གཉིས་ཀ་གྲགས་པས་དེ་གཉིས་ཀྱི་དཔེར་བརྗོད་ངོས་འཛིན་སྐབས་ཅུང་དཀའ་བར་གྱུར་མོད། འབྱེད་ཆོས་འདི་ལྟར་ཏེ།

    (1) ཆ་དང་ཆ་ཅན་ནི་ཆ་ཅན་མ་ཟད་བར་ཆ་ཤས་ངོས་འཛིན་རྒྱུ་ཡོད་དེ། རྒྱ་མཚོའི་ཆུ་ཐིགས་ལྟ་བུར་རྒྱ་མཚོ་ཆ་ཅན་དང་ཆུ་ཐིགས་ཆ་ཤས་ཡིན་པས། རྒྱ་མཚོ་མ་ཟད་བར་ཆུ་ཐིགས་ཀྱང་ངོས་འཛིན་དུ་ཡོད་པའོ། དེ་བཞིན་ས་སྨྱུག་གི་རྩེ། སྒྲོག་རྩེའི་ཟུར། རི་བོའི་སྤོ་ལྟ་བུ་རིགས་སྒྲེའོ། ཡན་ལག་དང་ཡན་ལག་ཅན་ནི་ཡན་ལག་ཟད་པའམ་བཅད་ན་སླར་ངོས་འཛིན་རྒྱུ་མེད་དེ། ལག་པའི་སོར་མོ་ལྟ་བུ་སོར་མོ་བཅད་ན་ཡན་ལག་ཅན་ལས་ཡན་ལག་སླར་ངོས་འཛིན་རྒྱུ་མེད་པའོ། འདི་ལྟའི་ཁྱད་པར་འབྱེད་པ་ནི་ཁོ་བོའི་སློབ་དཔོན་རྒྱལ་རྩེ་སློབ་འབྲིང་གི་དགེ་མིང་སྟོབས་རྒྱལ་གྱི་ཐུན་མིན་རིགས་པའོ།

    (2) གཞན་དུ་ཆ་དང་ཆ་ཅན་ནི་ཆ་ཤས་སྔོན་དང་ཆ་ཅན་རྗེས་ལ་གྲུབ་དགོས་ཏེ། ཆུ་ཐིགས་ལས་རྒྱ་མཚོ་གྲུབ་པ་ལྟ་བུ་དང་། ཡན་ལག་དང་ཡན་ལག་ཅན་ནི་ཡན་ལག་ཅན་སྔོན་ལ་གྲུབ་དགོས་ཏེ། ཤིང་གི་ཡལ་ག་ལྟ་བུ་ཤིང་གི་རྩ་བ་ཡན་ལག་ཅན་སྔོན་དང་དེ་ལས་ཡན་ལག་ཡལ་ག་ངོས་འཛིན་རྒྱུ་ཡོད་དོ། དེ་ལྟར་འབྱེད་ཆོས་གཙོ་བོ་ཤེས་ན་དཔེར་བརྗོད་མང་པོ་འཇོག་པའི་ངལ་བ་བྱེད་མི་དགོས།

    2. བདག་ཉིད་གཅིག་པའམ་གཞི་མཐུན་དང་རྒྱུ་འབྲས་ཀྱི་འབྲེལ་བའི་འབྱེད་ཆོས།

    འགའ་ཞིག་གིས་གསེར་གྱི་རྣ་རྒྱན་ལྟ་བུ་རྒྱུ་འབྲས་ཀྱི་འབྲེལ་བར་ངོས་འཛིན་མོད་འདི་ནི་ཐུགས་ཞིབ་པར་མ་དཔྱད་པའི་སྐྱོན་ཏེ། རྒྱུ་འབྲས་ཀྱི་འབྲེལ་བ་ནི་འབྲས་བུའི་དུས་རྒྱུ་ཐ་དད་དུ་ངོས་འཛིན་རྒྱུ་ཡོད་དགོས་ཤིང་། བ་ཡི་འོ་མ་ལྟ་བུ་རྒྱུའི་གནས་སྐབས་ཀྱི་བ་དང་དེ་ལས་བྱུང་བའི་འབྲས་བུའི་གནས་སྐབས་ཀྱི་འོ་མ་གཉིས་ཐ་དད་དུ་དབྱེ་རྒྱུ་ཡོད། གསེར་དང་རྣ་རྒྱན་གཉིས་ཐ་དད་མོད་གསེར་རྣ་རྒྱན་གྱི་ངོ་བོར་གྲུབ་པའི་དུས་གསེར་གྱི་རྣ་རྒྱན་ཞེས་དེ་གཉིས་ངོ་བོ་གཅིག་པའི་ཚུལ་གྱིས་ངོས་འཛིན་པ་ལས་ཐ་དད་དུ་དབྱེ་རྒྱུ་མེད་དོ།

    3. བདག་ཉིད་གཅིག་པའམ་གཞི་མཐུན་དང་ཁྱད་གཞི་ཁྱད་ཆོས་ཀྱི་འབྲེལ་བའི་འབྱེད་ཆོས།

    ཡང་འགའ་ཞིག་གིས་གཟིག་གི་ཐིག་ལེ་ལྟ་བུ་ངོ་བོ་བདག་གཅིག་ལ་ངོས་འཛིན་མོད་ཐེག་ལེ་ནི་གཟིག་གི་སྒལ་སྟེང་ན་ཡོད་པའི་ཐུན་མིན་གྱི་རི་མོ་ཙམ་ལས་ཐིག་ལེ་དང་གཟིག་གཉིས་ངོ་བོ་གཅིག་ཏུ་གྲུབ་མི་སྲིད་དེ། དེ་ལྟར་ཡིན་ན་དེའི་སྒལ་སྟེང་གི་ཐིག་ལེ་ཡང་གཟིག་ཡིན་དགོས་པའི་གནོད་བྱེད་འབྱུང་ངོ་། འབྲེལ་སྒྲའི་ནང་གསེས་ཀྱི་དབྱེ་བ་གཞན་རྣམས་སླ་བས་འདིར་བརྗོད་པའི་ངལ་བ་སྤངས་པའོ།

    གཞན་ད་ལྟའི་བསླབ་གཞིའི་ནང་བཀོད་པའི་འབྲེལ་སྒྲའི་གྲུབ་ཆ་ངོས་འཛིན་སྟངས་འདི་ཉིད་སློབ་མའི་ངོས་ནས་དབྱེ་ཞིབ་བྱེད་བདེ་བའི་དགེ་མཚན་ལྡན་མོད། བདག་ཉིད་གཅིག་པའམ་གཞི་མཐུན་གྱི་འབྲེལ་སྒྲའི་སྐབས་ལའང་བསླབ་གཞིར་འབྲེལ་གཞི་དང་འབྲེལ་ཆོས་ངོས་འཛིན་པ་ནི་ནོར་འཁྲུལ་ཆེན་པོ་སྟེ། དེ་ལྟར་བགྱིས་ཚེ་བདག་ཉིད་གཅིག་པའམ་གཞི་མཐུན་གྱི་འབྲེལ་བ་གྲུབ་མི་ཐུབ་བོ། ། (སློབ་ཆུང་དང་པོའི་དགེ་མིང་འཛིན་པ་བསོད་ནམས་དངོས་གྲུབ་ཀྱིས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།