ཡུལ་ནད་ལ་གཞིགས་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་སྨན་བཅོས་བྱེད་པ།
བཀྲ་ཤིས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་ཡོང་ཐེངས་བཞི་པ་རེད།
“འདི་ནི་འགག་རྩ་ཆེ་བའི་གཤགས་བཅོས་ཀྱི་གོ་སྐབས་ཤིག་རེད”ཅེས་ཨན་ཧུའེ་ཡི་བོད་སྐྱོར་སྨན་པ་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་མཆིན་མཁྲིས་གཤེར་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་ཝུའུ་ཝུའེ་ཡིས་བརྟག་དཔྱད་སྙན་ཞུར་ལྟ་བཞིན་བཀྲ་ཤིས་ལ་དེ་ལྟར་བཤད།
བཀྲ་ཤིས་ལ་མཆིན་པའི་སྐྲན་ནད་ཕོག་པ་གཏན་འཁེལ་བྱས་ནས་ལོ་5སོང་ཡོད། ལོ་5ཡི་རིང་ཁོ་པས་བོད་ལྗོངས་དང་ཞིང་ཆེན་གཞན་དུ་ཕར་འགྲོ་ཚུར་འོང་ཐེངས་མང་བྱས་ནས་སྨན་བཅོས་བྱེད་མྱོང་། འོན་ཀྱང་ནད་གཞིའི་དམིགས་བསལ་རང་བཞིན་གྱི་དབང་གིས་གཤགས་བཅོས་དང་སྨན་བཅོས་ཐེངས་མང་བྱེད་དགོས་བྱུང་བས། ཁོ་པའི་ཁྱིམ་ཚང་ལ་དཀའ་ངལ་ཆེན་པོ་འཕྲད།
ལོ་གཉིས་གོང་། བཀྲ་ཤིས་ཀྱིས་རེ་བ་ཕྲན་བུ་བཅངས་ནས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་མཆིན་མཁྲིས་གཤེར་ཕྱི་ནད་ཚན་ཁག་ཏུ་བསྐྱོད། བསམ་ཡུལ་ལས་འདས་པ་ཞིག་ལ་སྨན་པས“ཁྱེད་ཀྱི་ན་ཚ་དེ་མིག་སྔར་ང་ཚོའི་སྨན་ཁང་ནས་སྐྱོབ་བཅོས་བྱེད་ཐུབ”ཅེས་ཁོང་ལ་བཤད།
གཏམ་བཟང་དེ་ཐོས་རྗེས་བཀྲ་ཤིས་དགའ་སྤྲོ་ཆེན་པོ་བྱུང་ཞིང་། དེ་རྗེས་བཀྲ་ཤིས་ལ་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་འགོ་ཚུགས་པ་དང་། ལོ་གཅིག་ལྷག་ཙམ་རིང་སྨན་བཅོས་བྱས་པ་བརྒྱུད་འགག་རྩའི་དུས་མཚམས་མཐའ་མར་སླེབས་ཡོད་པ་རེད།
གཤགས་བཅོས་ཁང་དུ་ཝུའུ་ཝུའེ་ཡིས་ས་ཆ་དེ་གའི་སྨན་པ་བྱམས་པ་བསྟན་འཛིན་དང་མཉམ་དུ་བྲེལ་འཚུབ་ངང་གཤགས་བཅོས་བྱེད་འགོ་ཚུགས་ཤིང་། གཤགས་བཅོས་ཧ་ཅང་རྙོག་འཛིང་ཆེ་བས་སྨན་པ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ནད་གཞི་དབྱེ་འབྱེད་དང་གཤགས་གཅོད་བྱེད་བཞིན་ཡོད། ཆུ་ཚོད་དྲུག་ལྷག་ཙམ་འབད་འཐབ་བྱས་པ་བརྒྱུད། གཤགས་བཅོས་བདེ་བླག་བྱུང་བ་དང་མིག་སྔར་བཀྲ་ཤིས་སྨན་ཁང་དུ་བསྡད་ནས་ལུས་པོ་གསོ་བཞིན་ཡོད་པ་རེད།
“རང་ཁྱིམ་གྱི་སྒོ་རྩ་ནས་སྨན་བཅོས་བྱེད་ཐུབ་པ་དང་འཚོ་བའི་ཐད་ཀྱི་འགྲོ་སོང་གྲོན་ཆུང་མང་པོ་ཐུབ་པ་མ་ཟད་ཁྱིམ་མིས་ང་ལ་ལྟ་སྐྱོང་བྱེད་པར་ཡང་སྟབས་བདེ་བྱུང་སོང”ཞེས་བཀྲ་ཤིས་ཀྱིས་དགའ་ཚོར་ཆེན་པོས་བརྗོད།
“ཉེ་བའི་ལོ་ཤས་རིང་། ང་ཚོའི་སྨན་ཁང་གི་མཆིན་མཁྲིས་གཤེར་ཕྱི་ནད་ཚན་ཁག་གི་སྨན་བཅོས་ནུས་པ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་མང་ཚོགས་སྔར་བས་མང་བར་དེའི་ཁྲོད་ནས་ཕན་པ་ཐོབ་པ་དང་། རང་ཁྱིམ་གྱི་སྒོ་རྩར་དེ་བས་ལེགས་པའི་སྨན་བཅོས་སྐྱོབ་བཅོས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད”ཅེས་བྱམས་པ་བསྟན་འཛིན་གྱིས་བཤད།
“ཚན་ཁག་གི་འཕེལ་རྒྱས་ནི་ཨན་ཧུའེ་ཡི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཡུན་རིང་རྒྱབ་སྐྱོར་བྱས་པ་དང་ཁ་འབྲལ་ཐབས་མེད། ང་ཚོས་ལོ་9བསྟུད་མར་ཉམས་མྱོང་ཕུན་སུམ་ཚོགས་པའི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་གཞོན་པ་9ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་མཆིན་མཁྲིས་གཤེར་ཕྱི་ནད་ཚན་ཁག་ལ་རོགས་སྐྱོར་བྱེད་པར་བཏང་བ་ཡིན”ཞེས་ཝུའུ་ཝུའེ་ཡིས་བཤད།
ས་ཆ་དེ་གའི་ཚན་ཁག་གི་སྨན་བཅོས་ལས་འགན་ལ་ཤུགས་སྣོན་རྒྱག་པ་ཕུད། ཝུའུ་ཝུའེ་ལ་སོགས་པས་ད་དུང་ཕྱི་རུ་བསྐྱོད་ནས་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད། ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཆུས་དང་རྫོང་གི་སྨན་ཁང་མང་པོ་དང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བཙུགས་ཡོད་པས། རྫོང་གི་རིམ་པ་དང་པོའི་མི་དམངས་སྨན་ཁང་ལ་དཀའ་ངལ་འཕྲད་སྐབས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྨན་པ་མངགས་ནས་མཛུབ་ཁྲིད་བྱེད་ཀྱི་ཡོད།
བྱམས་པ་བསྟན་འཛིན་གྱིས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ལོ་20ལྷག་ཙམ་ལས་ཀ་བྱས་ཤིང་། ཚན་ཁག་གི་འགྱུར་ལྡོག་ཐད་ཁོང་ལ་བག་ཆགས་ཟབ་མོ་ཡོད་པ་སྟེ། སྔོན་ཆད་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་རྨང་གཞི་ཞན་པ་དང་རྨང་གཞིའི་ནད་མང་པོ་ཞིག་བཅོས་པའི་ནུས་པའང་ཞན། དེའི་རྐྱེན་གྱིས་མང་ཚོགས་རྟག་ཏུ་ལྷ་ས་གྲོང་ཁྱེར་དང་ཡང་ན་ཞིང་ཆེན་གཞན་དུ་སྨན་བཅོས་བྱེད་པར་མི་སྐྱོད་ཀ་མེད་བྱུང་།
ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་བྱེད་འགོ་ཚུགས་རྗེས། ཚན་ཁག་ནང་ཨན་ཧུའེ་ནས་ཡོང་བའི་བོད་སྐྱོར་སྨན་པ་ཐོག་མཐའ་བར་གསུམ་དུ་ཡོད་ཅིང་། ཁོང་ཚོའི་རྗེས་སུ་འབྲངས་ནས་སློབ་སྦྱོང་ནན་ཏན་བྱས་པས་བྱམས་པ་བསྟན་འཛིན་གྱི་སྨན་བཅོས་ལག་རྩལ་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད། ད་ཆ་ཁོང་གིས་རང་རྐྱ་འཕེར་བའི་ངང་སྨན་བཅོས་མང་པོ་བྱེད་ཐུབ་པས་ཚན་ཁག་གི“རྐང་འཛིན”དུ་གྱུར་ཡོད། དེ་བཞིན་བྱམས་པ་བསྟན་འཛིན་གྱིས་གཙོས་པའི་ས་ཆ་དེ་གའི་སྨན་བཅོས་ཚོགས་པ་རིམ་བཞིན་འཚར་ལོངས་འབྱུང་བཞིན་ཡོད་པ་དང་ས་ཆ་དེ་གའི་ཤུགས་རྐྱེན་ཡང་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)